རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ལས་དོན་ལ་མུ་མཐུད་བཀོད་གཏོང་དང་བཀོད་སྒྲིག་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཆུ་བེད་དང་གནམ་གཤིས་སོགས་སྡེ་ཚན་དང་མུ་མཐུད་མཉམ་འབྲེལ་གྲོས་མོལ་བྱས་ནས་ཆར་ཆུ་རྒྱས་ཚུལ་ཐད་སྔར་བས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ། མིག་སྔའི་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཚེས་15ཉིན་གྱི་ཆུ་ཚོད་14ཙམ་ལ་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་གཞུང་ཅན་ལིས་ནས་ཏ་ཐུང་གཙང་པོ་བར་དང་། དེ་བཞིན་མཚེའུ་བར་གཉིས་ཀྱི་ཆུ་ཁ་ཉེན་ཟོན་ལས་སྨི་0.09—སྨི་2.63བརྒལ་བ་དང་། ཐའེ་ཧུའུ་གཙང་པོའི་ཆ་སྙོམས་ཆུ་ཁ་སྨི་4.49ཟིན་ནས་ཉེན་ཟོན་ལས་སྨི་0.69བརྒལ་བ། མཐའ་འཁོར་གཙང་པོའི་ཆུ་བོའི་དྲ་བའི་ཁུལ་དུ་ཆུ་ཁ་42ཉེན་ཟོན་ལས་སྨི་0.03ནས་སྨི་0.81གི་བར་བརྒལ་ཡོད། སྔོན་དཔག་ལྟར་ན་ཚེས་15ནས་19ཉིན་བར་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་སྔར་བཞིན་དྲག་ཆར་འབབ་རྒྱུ་རེད།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་མངགས་གཏོང་བྱས་པའི་པུའུ་རིམ་པའི་ལས་དོན་ཚོགས་ཆུང་འབྲུབ་འགོག་དང་ཆུ་ལོག་འགོག་པའི་འཐབ་ས་དང་པོར་བསྐྱོད་ནས་ས་གནས་ཀྱིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་མུ་མཐུད་མཛུབ་ཁྲིད་དང་གཞོགས་འདེགས་བྱས་ཏེ་བདེ་འཇགས་ངང་ཆུ་རྒྱས་དུས་ལས་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད། ས་ཁུལ་ཁག་གིས་འབྲུབ་འགོག་དང་ཆུ་ལོག་འགོག་པའི་མྱུར་སྐྱོབ་དང་གེགས་སེལ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། ཅང་ཤིས་ཀྱིས་ཞ་ཅང་དང་ཀྲེ་ལིན་ཆུ་མཛོད་ལ་ཆུ་ལོག་འགོག་རགས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་15བཀོད་གཏོང་བྱས་པ་དང་། ཕོ་དབྱང་མཚེའུ་ཁུལ་དུ་ཕྱོགས་བསྡུས་ཆུ་ལོག་འགོག་པའི་མ་ལག་ཐད་སྤྱོད་པའི་ཆུ་རགས་185བརྒྱབ་ནས་རིམ་རྩིས་བྱས་ན་འབྲུབ་འགོག་མྱུར་སྐྱོབ་མི་ཐེངས་ཁྲི་110བཏང་བ་དང་མང་ཚོགས་ཁྲི་58.9ཡུལ་གཞན་དུ་བཀོད་སྒྲིག་བྱས་ཡོད། ཧོ་པེས་ཆུ་མཛོད་དང་ཆུ་རགས་སོགས་སུ་སྐོར་བཤེར་རེས་སྐོར་4བྱས་ནས་འབྲུབ་འགོག་གི་མངོན་མེད་རྐྱེན་ངན་2318གྲལ་བཤེར་དག་ཐེར་བྱས་པ་དང་། ཆེད་ལས་དཔུང་ཁག་དང་སྤྱི་ཚོགས་རོགས་སྐྱོབ་སྟོབས་ཤུགས་515ཡི་མི་ཁྲི་2.7བཏང་ནས་རིན་ཐང་སྒོར་དུང་ཕྱུར་3.9རི་བའི་འབྲུབ་འགོག་དངོས་ཟོག་ཆེད་མངགས་གསོག་འཇོག་བྱས་ཡོད། ཨན་ཧུའེ་ཡིས་ལས་དོན་ཚོགས་ཆུང་6འཐབ་ས་དང་པོར་སྐོར་སྐྱོད་བརྟག་དཔྱད་བྱེད་པར་མངགས་ནས་ཞིང་ཆེན་ཡོངས་ཀྱི་ཉེན་ཁ་ཕྲད་པའི་མང་ཚོགས་ཁྲི་2.5ལྷག་ཙམ་གནས་སྤོས་པ་དང་། རིགས་ཁག་གི་ཉེན་ཁའི་གནས་ཚུལ་5000ལྷག་ཙམ་ཐག་གཅོད་བཀོད་སྒྲིག་བྱས་ནས་སྔ་རྗེས་སུ་ཐེངས་6ལ་རིགས་ཁག་གི་གེགས་སེལ་དངོས་ཟོག་ཁྲི་3.8གཏོང་སྤྲོད་བྱས་ཡོད། ཧུའུ་པེ་ཞིང་ཆེན་གྱིས་རིམ་པ་བཞིན་འགོ་ཁྲིད་ཀྱི་ཁུལ་དབྱེ་འགན་གཙང་བླངས་པའི་འབྲུབ་འགོག་བཀོད་འདོམས་མ་ལག་བཙུགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་འཐབ་ས་དང་པོའི་ལས་ཀའི་འགན་འཁྲི་ནན་དཀྲིས་བྱས་ཡོད། ཧུའུ་ནན་དུ་ཉིན་ལྟར་ལས་བྱེད་པ་དང་མང་ཚོགས་ཁྲི་20ཙམ་གྱིས་འབྲུབ་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱས་ནས་རིམ་རྩིས་བྱས་ན་ཉེན་ཁའི་གནས་ཚུལ་280ལྷག་ཙམ་ཐག་གཅོད་བཀོད་སྒྲིག་བྱས་པ་དང་མང་ཚོགས་མི་ཐེངས་ཁྲི་25.3ཛ་དྲག་ངང་ཡུལ་གཞན་དུ་གནས་སྤོས་ཡོད།

ཆུ་རྒྱས་པ་ནས་བཟུང་འཕྲལ་སྡོམ་དོ་དམ་པུའུ་ཚོང་དོན་ནོར་སྲིད་པུས་རིམ་རྩིས་བྱས་ན་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་17.55གཤམ་སྤྲོད་བྱས་པ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་རིམ་རྩིས་བྱས་ན་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་9.3གཤམ་སྤྲོད་བྱས་ཏེ་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཆུ་ལོག་འགོག་པ་དང་མྱུར་སྐྱོབ་དང་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་སྤྱད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།