རང་རྒྱལ་གྱིས2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་བཀག་སྡོམ་འགན་ལེན་གྱི་བཀོད་སྒྲིག་ཇེ་མགྱོགས་སུ་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འབྲི་ཆུ་རྒྱུག་ཁུལ་གྱི་ཉ་འཛིན་བཀག་སྡོམ་དང་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་འབྲེལ། ཞིང་ལས་གྲོང་གསེབ་པུའུ་དང་། སྤྱི་བདེ་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཁག་སོ་སོས་སྣེ་ཁྲིད་དེ་བཟོས་པའི་ལག་བསྟར་བྱ་ཐབས3བརྒྱུད་སྐུར་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་བཀག་སྡོམ་འགན་ལེན་གྱི་བཀོད་སྒྲིག་མགྱོགས་མྱུར་བྱེད་བཞིན་ཡོད།

འདི་ནི་ཚེས15ཉིན་གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་ཞིག་རེད།

ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲན་གྱིས་ཚོགས་འདུའི་ཐོག འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་བཀག་སྡོམ་བྱས་ནས་ཉ་པར་ཉ་འཛིན་མཚམས་བཞག་སྟེ་ཐོན་ལས་གཞན་སྒྱུར་ལ་ཁྲིད་སྟོན་བྱེད་པ་ནི་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་འགྲོ་བའི་རྣམ་པ་ལེགས་སུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་རེད། ལས་དོན་དེ་ཁྲིམས་མཐུན་ལག་ཁྱེར་ཁྱེར་ནས་ཉ་འཛིན་མཁན་ཉ་གྲུ་ཁྲི10ལྷག་ཙམ་གྱིས་གོ་རིམ་ལྡན་པའི་སྒོ་ནས་ཉ་འཛིན་མཚམས་འཇོག་པ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་ཉ་པ་ཁྲི30ཙམ་གྱི་ཐོན་ལས་གཞན་སྒྱུར་དང་འཚོ་བ་འགན་ལེན་དང་ཡང་འབྲེལ་བ་ཡོད།

ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། 2020ལོའི་ཟླ1པོའི་ཚེས1ཉིན་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ332ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་ཉ་འཛིན་བཀག་སྡོམ་བྱས་ཡོད། 2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ལོ་བཅུ་ཉ་འཛིན་བཀག་སྡོམ་བྱ་རྒྱུ་རེད།

ཡུས་ཁང་ཀྲན་གྱིས། 2019ལོ་ཚུན་དུ་ཞིང་ལས་གྲོང་གསེབ་པུའུ་དང་། ནོར་སྲིད་པུའུ། མི་སྤྱི་པུའུ་བཅས་ཀྱིས་གཙང་པོ་རྒྱུག་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ལྷན་དུ་ཉ་འཛིན་མཚམས་འཇོག་པ་དང་ཉ་པ་བཀོད་སྒྲིག་འགན་ལེན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རིམ་རྩིས་ལྟར་ན་མིག་སྔར་ས་ཁུལ་ཁག་གི་ཉ་གྲུ་ཁྲི8ཙམ་དང་ཉ་པ་ཁྲི10ཙམ་གྱིས་ཉ་འཛིན་མཚམས་བཞག་པ་དང་། ཧྲང་ཧའེ་དང་། ཅང་ཤིས། ཡུན་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཉ་འཛིན་མཚམས་བཞག་པའམ་ཡང་ན་ཉ་འཛིན་མཚམས་བཞག་པའི་ཉ་གྲུ་སྔ་སྣུར་དུ་བཀག་སྡོམ་ཉར་ཚགས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཁོང་གིས་ཞིང་ཆེན(གྲོང་ཁྱེར)ཁག་གི་ལས་དོན་སྤེལ་ཚུལ་ད་དུང་སྙོམས་པོ་མེད་ཅིང་། ས་གནས་ཁག་གཅིག་གི་ཡིག་ཚགས་དང་གཱ་བཟོ་བ་དང་། ཉ་གྲུ་ཐག་གཅོད་བྱེད་པ། ཉ་པ་ཐོན་ལས་གཞན་སྒྱུར་གྱིས་བཀོད་སྒྲིག་བྱེད་པ། ཁྲིམས་འཛིན་ལྟ་འདོམས་བྱེད་པ་སོགས་ཀྱི་ཐད་ད་དུང་ཧེ་བག་ངེས་ཅན་འཛོལ་ཡོད་པ་དང་། ས་གནས་ཁག་གཅིག་ཏུ་ཁྲིམས་འགལ་ངང་ཉ་འཛིན་པའི་གནད་དོན་ད་དུང་མངོན་གསལ་དོད་ཙམ་ཡོད་ཅེས་བརྗོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།