ཀྲུང་གོ་བོད་ཀྱི་དྲ་བ།

2020ལོ་ནས2022ལོ་བར་རང་རྒྱལ་གྱིས་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན150ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2020ལོ་ནས2022ལོ་བར་རང་རྒྱལ་གྱིས་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན150བསྐྲུན་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཆུ་བེད་ལས་གྲྭའི་རྣམ་གྲངས་གལ་ཆེན150ཡི་ནང་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་དང་། ཆུའི་ཐོན་ཁུངས་བཟང་སྒྲིག ཞིང་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན། ཆུའི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོ། རིག་ལྡན་ཆུ་བེད་བཅས་རིགས་ཆེ་གྲས་5ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁྲི1.29གཏོང་རྒྱུ་ཡིན་པ་རེད།

ཚོད་རྩིས་བྱས་པར་གཞིགས་ན། ཆུ་བེད་ལས་གྲྭའི་རྣམ་གྲངས་150ཡིས་ཐད་ཀར་དང་གཞན་བརྒྱུད་ཀྱི་སྒོ་ནས་མ་འཇོག་སྒོར་དུང་ཕྱུར་6.6བྱ་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་མ་ཟད། ལོར་ཆ་སྙོམས་ལས་ཞུགས་ལས་གནས་ཁྲི་80ཙམ་མང་དུ་འགྲོ་རྒྱུ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་སུའུ་ཝེ་ཡིས་ངོ་སྤྲོད་བྱས་པར། ཆུ་བེད་ལས་གྲྭའི་རྣམ་གྲངས་གལ་ཆེན་150ཡི་ནང་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་གྲྭའི་རྣམ་གྲངས་56དང་། ཆུའི་ཐོན་ཁུངས་བཟང་སྒྲིག་གི་ལས་གྲྭའི་རྣམ་གྲངས་26 ཞིང་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ལས་གྲྭའི་རྣམ་གྲངས་55 ཆུའི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་8དང་། རིག་ལྡན་ཆུ་བེད་ལས་གྲྭའི་རྣམ་གྲངས་5བཅས་ཡོད་པའི་ནང་པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་འབྲེལ་བའི་རྣམ་གྲངས་96ཡོད་པ་རེད།

ལོ་6ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭའི་རྣམ་གྲངས་གལ་ཆེན་172ཡི་ནང་ནས། རིམ་རྩིས་བྱས་ན་རྣམ་གྲངས་146ལས་འགོ་བཙུགས་ཡོད། ཟླ་6པའི་ཟླ་མཇུག་བར། ཆུ་བེད་ལས་གྲྭའི་རྣམ་གྲངས་གལ་ཆེན་ལ་མ་དངུལ་གཏོང་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.4ཡིས་མཐོ་བ་ཡོད་པ་རེད། སུའུ་ཝེ་ཡིས་ངོ་སྤྲོད་བྱས་པར། ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭའི་རྣམ་གྲངས་གལ་ཆེན་172དང་བསྡུར་ན་ཆུ་བེད་ལས་གྲྭ་གལ་ཆེན་150ཡིས་མུ་མཐུད་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་དང་། ཆུའི་ཐོན་ཁུངས་བཟང་སྒྲིག ཞིང་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་ལས་གྲྭ་བཅས་ཀྱི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་ཐེབས་རྒྱུ་དང་ཆབས་ཅིག་ཆུའི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་དང་རིག་ལྡན་ཆུ་བེད་ལས་གྲྭ་མང་དུ་འགྲོ་རྒྱུའང་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།