ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐེ་གོའི་ཙུང་ལི་པ་ཡུས་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7པའི་ཚེས14ཉིན་ཐེ་གོའི་ཙུང་ལི་པ་ཡུས་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་དཀའ་ངལ་མཉམ་སེལ་བྱས་ཏེ། བྱ་སྤྱོད་དངོས་ལས་ཁྱིམ་ཚང་གཅིག་ལྟ་བུའི་མཛའ་བརྩེ་ཟབ་མོར་འགྲེལ་བཤད་བྱས་ཡོད། དེང་སྐབས། རིམས་ནད་སྔར་བཞིན་དུ་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་པས། ཀྲུང་གོ་དང་ཐེ་གོ་གཉི་ག་ཕྱི་ནས་ནང་མཆེད་འགོག་པ་དང་ནང་དུ་བསྐྱར་འཕར་འགོག་པའི་གནོན་ཤུགས་ལ་འཕྲད་ཡོད། ཀྲུང་གོས་ཐེ་གོའི་བར་དུ་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རིམས་འགོག་དང་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་རྒོལ་བཟང་བོར་སྒྲུབ་པའི་ཆ་རྐྱེན་འོག་ཏུ། བདེ་འཇགས་ཀྱིས་ལས་ཀ་སླར་གསོ་དང་བདེ་ཐང་གིས་ཐོན་སྐྱེད་སླར་གསོ་བྱེད་པར་གོ་རིམ་ལྡན་པའི་སྐུལ་སྤེལ་བྱེད་འདོད་ཡོད། ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཐེ་གོ་ཕྱོགས་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་བཟང་བོར་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་རིམས་འགོག་མཉམ་ལས་སྤེལ་བ། རིམས་འགོག་སྨན་རྫས་དང་འགོག་ཁབ་གསར་སྤེལ་གྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་ལས་དོན་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཐེ་གོའི་འབྲེལ་བའི་རྨང་གཞི་མཐུག་པ་དང་སྦས་ཤུགས་ཧ་ཅང་ཆེ། ད་ལོར་རྒྱལ་ཁབ་གཉིས་ཀྱིས་རིམས་ནད་ཀྱི་གནོད་པ་སེལ་བ་དང་། དངོས་གཉེར་མཉམ་ལས་རྒྱུན་སྲིང་གིས་སྤེལ་བས། ཕྱོགས་གཉིས་ཀྱི་ཉོ་འཚོང་དཀའ་ངལ་ཁྲོད་ནས་གོང་དུ་འཕེལ་བ་དང་། ཀྲུང་གོ་དང་ཐེ་གོའི་ལྕགས་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་འཇགས་ཡིན། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཟབ་མོ་བྱེད་པ་དེ་ཐེ་གོའི4.0དང་། ཤར་ཕྱོགས་དཔལ་འབྱོར་བར་ཁྱམས་སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་དགོས་ལ། གློག་རྡུལ་ཚོང་དོན་སོགས་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཐེ་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་གསར་བ་འབྱུང་བར་བྱེད་དགོས། ཀྲུང་གོས་ཐེ་གོ་དང་མཉམ་དུ། ས་ཁུལ་གྱི་རྒྱལ་ཁབ་ཕན་ཚུན་བར་གྱི་མཐུན་སྒྲིལ་མཉམ་ལས་སྲ་བརྟན་དུ་བཏང་ནས། རང་ས་ཁུལ་གྱི་དར་རྒྱས་གོང་འཕེལ་གྱི་གནས་བབ་བཟང་བོར་སྲུང་སྐྱོབ་བྱེད་དགོས་ཟེར།

པ་ཡུས་ཀྱིས་བསྟན་དོན། ཐེ་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་བརྒྱུད་རིམ་ཁྲོད་དུ་དུས་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱས་པ་དེ་ལས་ཐེ་གོ་དང་ཀྲུང་གོ་གཉིས་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པའི་མཛའ་བརྩེ་ཟབ་མོ་མཚོན་ཡོད། ཐེ་གོས་ཀྲུང་གོ་སྲིད་གཞུང་གིས་རིམས་ནད་འགོག་རྒོལ་ཁྲོད་མངོན་པའི་འགོ་ཁྲིད་ཀྱི་ནུས་པ་ཆེན་པོ་དང་མི་དམངས་བླ་མེད་དུ་བརྩིས་པའི་འདུ་ཤེས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་རང་གིས་གསར་སྤེལ་བྱས་པའི་འགོག་ཁབ་དེ་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་ཐོན་རྫས་སུ་བརྩི་རྒྱུའི་དམ་བཅས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་དུ་རིམས་འགོག་སྨན་རྫས་དང་འགོག་ཁབ་གསར་སྤེལ་གྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་སྒུག་བྱས་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཀྲུང་གོས་རང་གི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་ལྷོད་མེད་བྱེད་རྒྱུ་ཡིན། ཐེ་གོ་ཕྱོགས་ཀྱིས་ཐེ་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པ་གོ་སྐབས་སུ་བརྩིས་ནས། ཐེ་གོ་དང་ཀྲུང་གོའི་མཛའ་བརྩེ་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། འབྱོར་ཚོང་དང་གསར་གཏོད། དབུལ་སྐྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

པ་ཡུས་ཀྱིས་ཀྲུང་གོའི་ལྷོ་ཕྱོགས་ཀྱི་ས་ཆ་མང་བོར་ཆུ་ལོག་གི་གནོད་འཚེ་ཐེབས་པར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་དེར་བཀའ་དྲིན་ཞུས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།