ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་པུའུ་རིམ་པའི་ལས་དོན་ཚོགས་ཆུང6མང་དུ་བཏང་ནས་གཙོ་གནད་ས་ཁུལ་དུ་བསྐྱོད་དེ་འབྲུབ་འགོག་གེགས་སེལ་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། མིག་སྔའི་ཛ་དྲག་ཆེ་བའི་འབྲུབ་འགོག་དུས་བབ་ལ་དམིགས་ནས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་པུའུ་རིམ་པའི་ལས་དོན་ཚོགས་ཆུང6མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། སྤྱི་བདེ་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། འཕྲལ་སྡོམ་དོ་དམ་པུའུ། ཀྲུང་གོ་གནམ་གཤིས་ཅུས་སོགས་པུའུ་ཨུད་ཀྱི་འགན་འཁུར་བློ་མཐུན་གྱིས་རུ་སྣེ་ཁྲིད་དེ་ཅང་ཤིས་དང་། ཨན་ཧུའེ། ཧུའུ་ནན། ཧུའུ་པེ། ཅང་སུའུ། ཀྲེ་ཅང་། ཁྲུང་ཆིང་བཅས་གཙོ་གནད་ས་ཁུལ7ལ་བསྐྱོད་དེ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུ་རེད།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ཅང་ཤིས་ལས་དོན་ཚོགས་ཆུང་ཚེས12ཉིན་ཅང་ཤིས་སུ་འབྱོར་བ་དང་། ས་གནས་ས་ཐོག་ཏུ་ཕོ་དབྱང་མཚེའུ་དང་ཅིའུ་ཅང་འབྲི་ཆུའི་ཆུ་རགས་སོགས་གཙོ་གནད་ས་ཁོངས་ཀྱི་འབྲུབ་འགོག་གེགས་སེལ་དང་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་རྒྱུན་ཏེ། ཅན་ལི་མན་གྱི་གཙང་དུམ་དང་། དེ་བཞིན་ཏུང་ཐིང་མཚེའུ་དང་། ཕོ་དབྱང་མཚེའུ། ཐའེ་ཧུའུ་མཚེའུ་བཅས་ཀྱི་ཆུ་ཁ་མུ་མཐུད་ཉེན་ཟོན་གྱི་ཚད་ལས་བརྒལ་ནས་འབྲུབ་འགོག་གི་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད། ཚེས13ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཕྱོགས་ཡོངས་ནས་རིམ་པ་གཉིས་པའི་འཕྲལ་སྡོམ་བརྡ་ལན་གཏོང་འགོ་ཚུགས་ཏེ། ཉིན་མཚན་དབྱེར་མེད་ཀྱི་གྲོས་མོལ་ཡང་ཡང་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་འཛུགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་སྟོབས་ཤུགས་དང་གེགས་སེལ་དངོས་ཟོག་བཀོད་སྒྲིག་བྱེད་པ། འབྲུབ་ཆུ་རྒྱས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་དབྱེ་ཞིབ་ཞིབ་འཇུག་དང་བརྡར་གཅོད་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ས་གནས་ཁག་གི་འབྲུབ་འགོག་གེགས་སེལ་དང་ཉེན་སེལ་རྒུད་སྐྱོབ་ཀྱི་རོགས་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་ཡོད།

ཅང་ཤིས་ཞིང་ཆེན་ཁོངས་ཀྱི་ཕོ་དབྱང་མཚེའུ་ཡི་འབྲུབ་ཆུ་ཛ་དྲག་པའི་གནས་ཚུལ་ལ་དམིགས་ནས། འཕྲལ་སྡོམ་དོ་དམ་པུས་ཉེ་འགྲམ་ས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་དང་། ཆུ་ཁོངས་རོགས་སྐྱོབ། ས་གཤིས་གནོད་འཚེའི་རོགས་སྐྱོབ་སོགས་ཀྱི་ཆེད་ལས་མེ་ཟོན་རོགས་སྐྱོབ་བཀོད་འཐབ་པ1000འཕྲལ་མར་སྐོང་འཐེན་བྱས་ཏེ་ཕོ་དབྱང་མཚེའུ་སོགས་གཙོ་གནད་ས་ཁོངས་ཀྱི་འབྲུབ་འགོག་རོགས་སྐྱོབ་ལས་དོན་ལ་རོགས་སྐྱོར་བྱས་པ་རེད།

ཚེས་13ཉིན། རྒྱལ་ཁབ་འབྲུབ་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གཙོ་གནད་ཞིང་ཆེན་གྱི་འབྲུབ་འགོག་གེགས་སེལ་ལས་དོན་མུ་མཐུད་བཀོད་སྒྲིག་བྱས་ནས། ས་གནས་ཁག་གི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་མིག་སྔའི་ཛ་དྲག་ཆེ་བའི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་སྲིད་འཛིན་འགོ་ཁྲིད་པའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཉེན་བརྡ་གཏོང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཉིན་མཚན་དབྱེར་མེད་ངང་གྲོས་མོལ་ཡང་ཡང་བྱས་ནས་ཉེན་ཟོན་གྱི་ཚད་གཞི་ལས་བརྒལ་བའི་ཆུ་དུམ་གྱི་ཆུ་རགས་དང་། འབྲུབ་ཚད་ལས་བརྒལ་བའི་ཆུ་མཛོད། ཆུ་ལོག་གི་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་ཁུལ་སོགས་གཙོ་གནད་ས་ཁོངས་སུ་སྐོར་ཞིབ་འགོག་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཞན་ཡང་། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་སྟོབས་ཤུགས་དང་གེགས་སེལ་རྒུད་སྐྱོབ་དངོས་རྫས་བཀོད་སྒྲིག་བྱེད་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དབར་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་ཁེ་ལས་ཀྱི་ལས་གྲྭའི་ཉེན་སེལ་དཔུང་ཁག་དང་སྔོན་ཚུད་ནས་འབྲེལ་མཐུད་བྱེད་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཉེན་སེལ་རྒུད་སྐྱོབ་ནང་ཞུགས་རྒྱུར་མཐུན་སྦྱོར་དང་ཁྲིད་སྟོན་ཧུར་ཐག་བྱེད་པ། གནད་སྨིན་རོགས་སྐྱོབ་དང་ཚན་རིག་དང་མཐུན་པའི་རོགས་སྐྱོབ་ལག་བསྟར་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།