ཀྲུང་གོ་བོད་ཀྱི་དྲ་བ།

​ཧུའུ་ཁྲུན་ཧྭ་ཡིས་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཀྲེ་ཅང་དབྱི་ཝུའུ་རུ་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་དངུལ་བརྟན་པོར་གཏོང་བའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། “བརྟན་བརླིང་དྲུག་”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག་”གི་ལས་འགན་དོན་འཁྱོལ་བྱེད་པ། ལོ་སྨད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གཞི་རྩའི་སྟེང་བརྟན་པོ་ཡོང་བ་བྱེད་དགོས་ཞེས་ནན་གྱིས་བསྟན།

 ཀྲེ་ཅང་དང་ཧྲང་ཧའེ། ཅང་སུའུ། ཨན་ཧུའེ། ཧྥུའུ་ཅན། ཀོང་ཏུང་སོགས་“འབྲི་ཆུའི་ཟུར་གསུམ་གླིང་”དང་“ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་”གི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་གཙོ་གནད་ཞིང་ཆེན་དང་གྲོང་ཁྱེར6གི་འགན་འཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས།

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ལྡན་པ་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་པའི་ཐད་ཀའི་མཚོན་ཚུལ་ཞིག་ཡིན། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གཞི་རྩའི་སྟེང་བརྟན་པོ་ཡོང་བར་བྱ་རྒྱུ་ནི་ཁྱོན་ཡོངས་ཀྱི་ལས་དོན་ཐད་གལ་འགངས་ཤིན་ཏུ་ཆེ་བ་རེད། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་ལ་གདོང་གཏོད་ཆེད། ས་གནས་ཁག་དང་ལྷག་པར་དུ་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་གཙོ་གནད་ས་ཁུལ་གྱིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་བཏང་སྟེ་འགན་འཁྲི་ཏན་ཏིག་དང་། སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་ལས་ཀ་ལེགས་པོར་བསྒྲུབ་དགོས། གནས་ཚུལ་དངོས་ལ་གཞིགས་ནས་ལས་ཀའི་དམིགས་འབེན་གཏན་འཁེལ་བྱ་དགོས་པ་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་འབད་བརྩོན་ཆེན་པོས་ལེགས་འགྲུབ་ཀྱང་བྱ་དགོས། སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་དང་དམ་འཛིན་ཡག་པོ་བྱས་ཏེ་ས་གནས་དེ་གའི་དགོས་མཁོ་དང་འཚམ་པའི་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་འདོན་དགོས། ཁེ་ལས་དཀའ་གནད་ཅན་རྣམས་འགག་སྒོ་ལས་སྒྲོལ་བར་རོགས་རམ་དང་ཁྲོམ་རའི་གཙོ་ཤུགས་སྲུང་ཐུབ་པ་བྱ་དགོས། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་དང་ཚོང་རའི་ཉོ་སྒྲུབ་ཉོ་ཚོང་སོགས་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པར་སྐུལ་ལྕགས་བཏང་སྟེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཚོགས་འདུ་མ་འཚོགས་སྔོན་ལ། ཧུའུ་ཁྲུན་ཧྭ་ཡིས་ཧང་ཀྲོའུ་དང་དབྱི་ཝུའུ་ཡི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཁག་གཅིག་དང་། དབྱི་ཝུའུ་རྒྱལ་སྤྱིའི་ཚོང་དོན་ཁུལ། ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་བཅས་ལ་རྟོག་ཞིབ་གནང་བ་མ་ཟད། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཕྱིར་གཏོང་མངགས་ཐོ། དཀའ་ངལ། སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།