རང་རྒྱལ་གྱིས“ཨེ་ཞི་6D”རྟགས་ཅན་གྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།

F202007101354183516702051.jpg

རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པར་བརྟེན། ཨེ་ཞི་6Dརྟགས་ཅན་གྱི་སྲུང་སྐར་འཕེན་གཏོང་བྱས་པ། 

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། པེ་ཅིང་གི་དུས་ཚོད་ཟླ་7ཚེས་9ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་11ཐོག  ཀྲུང་གོས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པར་བརྟེན། ཀྲུང་གོའི་Kuདུམ་མཚམས་ཀྱི་ཤར་གཏོང་ཐུབ་ཚད་མཐོ་བའི་དྲ་ཆེན་ཚོང་ལས་འཕྲིན་གཏོང་སྲུང་སྐར་ཐོག་མ་སྟེ་ཨེ་ཞི་6Dརྟགས་ཅན་གྱི་འཕྲིན་གཏོང་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་རེད། 
     ཨེ་ཞི་6Dརྟགས་ཅན་གྱི་འཕྲིན་གཏོང་སྲུང་སྐར་ནི་ཀྲུང་གོའི་Kuདུམ་མཚམས་ཀྱི་གོ་ལ་ཧྲིལ་པོའི་ཤར་གཏོང་ཐུབ་ཚད་མཐོ་བའི་དྲ་ཆེན་སྲུང་སྐར་འཕྲིན་གཏོང་མ་ལག་གི་སྲུང་སྐར་ཐོག་མ་དེ་ཡིན་ལ། དུས་མཚུངས་ཀྲུང་གོའི་མིག་སྔར་འཕྲིན་གཏོང་ཤོང་ཚད་ཆེ་ཤོས་དང་། རླབས་ཆུན་མང་ཤོས། ཕྱིར་གཏོང་བྱེད་ཤུགས་ཆེ་ཤོས། ཇུས་འགོད་བྱེད་ཚད་རྙོག་འཛིང་ཆེ་ཤོས་བཅས་ཀྱི་དམངས་སྤྱོད་འཕྲིན་གཏོང་སྲུང་སྐར་ཞིག་ཀྱང་ཡིན་པས། ཀྲུང་གོའི་ཤར་གཏོང་ཐུབ་ཚད་མཐོ་བའི་འཕྲིན་གཏོང་སྲུང་སྐར་ཞིབ་བཟོ་བྱེད་ནུས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་གྱི་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཨེ་ཞི་6Dརྟགས་ཅན་གྱི་འཕྲིན་གཏོང་སྲུང་སྐར་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཁོངས་གཏོགས་ཀྲུང་གོའི་ཁྲང་ཁྲེང་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་(ཁྲང་ཁྲེང་ཀུང་སི)ཡིས་མཁོ་འདོན་བྱས་པའི་འཕྲིན་གཏོང་སྲུང་སྐར་ཨང་12པ་དེ་ཡིན། ད་བར་ཁྲང་ཁྲེང་ཀུང་སིས་རྒྱལ་ཁབ་ཕྱི་ནང་གི་མཁོ་མཁན་ལ་འཕྲིན་གཏོང་སྲུང་སྐར་འཁོར་ལམ་དུ་རྩིས་སྤྲོད་བྱེད་པའི་རྣམ་གྲངས་12ལག་བསྟར་བྱས་ཡོད། ནི་ཀྲེ་རི་ཡ་དང་། ཝེ་ནེ་ཙུའེ་ལ། ཕ་ཁི་སི་ཐན། པོ་ལི་ཝེ་ཡ། ལོ་སི། བྷེ་ཨུ་རུ་སུ། ཨར་ཅི་རི་ཡ། ཀྲུང་གོའི་ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་འཕྲིན་གཏོང་སྲུང་སྐར་མ་ལག་ཕྱིར་གཏོང་བྱས་ཡོད་པ་རེད། 
     ད་ཐེངས་ཀྱི་འཕེན་གཏོང་ལས་འགན་སྒྲུབ་མཁན་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཁོངས་གཏོགས་ཀྱི་ཀྲུང་གོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་བྱ་རྒྱུ་དམ་འཛིན་བྱས་པ་ཞིག་རེད། ད་ཐེངས་ཀྱི་འཕེན་གཏོང་ནི་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པའི་འཕུར་སྐྱོད་ཐེངས་69པ་དེ་ཡིན་ལ། རྒྱང་སྐྱོད་རིམ་སྤེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་བྱེད་ཐེངས་339པ་ཡང་ཡིན། 


རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།