ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཆུ་འགོག་གནོད་སེལ་བྱ་བ་བཟང་བོར་བསྒྲུབ་པ་དང་ཆུ་བེད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་ཤིང་། རྒྱུན་མཐུད་སྒོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ་ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་པ་དང་། ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་རྩད་ཆོད་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཚུན་ལ་རྒྱལ་ཡོངས་སུ་ཆར་འབབ་ཚད་སྔོན་ལོ་ལས་མང་ཞིང་ས་ཁུལ་ཁ་ཤས་སུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་པས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་སོ་སོའི་འགན་འཁྲི་དང་ལེན་བྱེད་དགོས་ལ། ལྟ་ཞིབ་ཚད་ལེན་ནུས་པ་ཇེ་ཆེར་གཏོང་བ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆུ་འགོག་གནོད་སེལ་བྱ་བ་བཟང་བོར་བསྒྲུབ་དགོས། གཙང་བོ་དང་ཆུ་བོའི་བཞུར་རྒྱུན་དང་ཆུ་མཛོད། གྲོང་ཁྱེར་སོགས་ལ་ཆུ་ལོག་གི་གནོད་འཚེ་ཐེབས་པ་སྔོན་འགོག་བྱེད་དགོས། ས་གནས་ཀྱིས་འོས་འཚམ་སྒོས་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་གང་ལེགས་བྱེད་པ་དང་ཆུས་འཁུར་བའི་བཟོ་སྐྲུན་སླར་གསོ་དང་ཐོན་སྐྱེད་རང་སྐྱོབ་བྱེད་དགོས། དེ་དང་མཉམ་དུ་ས་ཁུལ་ཁ་ཤས་ཀྱིས་ཐན་པ་སེལ་བའི་བྱ་བ་དང་ཆུ་ལོག་གི་གནོད་འཚེ་སེལ་བའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།
ཚོགས་ཐོག་ནས་ད་ལོ་དང་དེ་མིན་རྗེས་ཕྱོགས་ཀྱི་ཆུ་བེད་བཟོ་སྐྲུན་གལ་ཆེན་བརྒྱ་དང་བཅོ་ལྔ་འཛུགས་སྐྲུན་བྱེད་རྒྱུ་བཀོད་སྒྲིག་བྱས་ཏེ། ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པར་སྐུལ་འདེད་བཏང་བ་དང་། ཆུ་ལོག་འགོག་པ་དང་ཐན་པ་སེལ་བའི་ནུས་པ་ཇེ་ཆེར་གཏོང་རྒྱུར་ཞིབ་འཇུག་བྱས།
ཚོགས་ཐོག་ནས་བསྟན་དོན། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་རེ་བ་ལྟར། དེང་སྐབས་ལ་རྐང་འཛུགས་པ་དང་སྒོར་དུང་ཕྱུར་ཡན་གྱི་ཚོང་རའི་གཙོ་གཞི་འགན་སྲུང་བྱེད་པར་དམིགས་ནས་ནོར་སྲིད་དང་སྤྱི་ཚོགས་ཉེན་ཚབ། དངུལ་རྩ་སོགས་གཞི་ཁྱོན་རང་བཞིན་གྱི་དཀའ་སེལ་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད་རྒྱང་རིང་ལ་དམིགས་ནས་བཅོས་སྒྱུར་ལ་བརྟེན་ནས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར།
ཚོགས་ཐོག་ནས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་རྩད་ཆོད་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་ལས་གཞི་ལ་དག་ཐེར་བཅོས་སྒྱུར་བྱེད་པ་དང་རྩིས་ཐོ་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པར་མ་ཟད་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། དག་ཐེར་བཅོས་སྒྱུར་བྱས་པའི་མཇུག་འབྲས་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་དགོས་པར་མ་ཟད་ཁྱབ་སྒྲོག་བྱེད་དགོས་པའི་རེ་བཏོན།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།