ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཐབས་བརྒྱ་ཇུས་སྟོང་སྒོས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གཞི་རྩའི་ངང་བརྟན་བརླིང་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་ཇེ་བརྟན་དུ་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས9ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཐབས་བརྒྱ་ཇུས་སྟོང་སྒོས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གཞི་རྩའི་ཐོག་བརྟན་བརླིང་ཡོང་བ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་ལས་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་ཞེས་བསྟན།

 ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བར་བྱ་རྒྱུ་ནི“བརྟན་བརླིང་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། རྒྱལ་སྤྱིའི་ཁོར་ཡུག་དང་གོ་ལ་ཧྲིལ་པོའི་རིམས་ནད་གནས་ཚུལ་ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་ཚུལ་འོག ཕྱི་ཕྱོགས་ཚོང་དོན་དང་ཕྱི་དངུལ་མ་དངུལ་གྱི་ཁྲོམ་རའི་གཙོ་གཟུགས་ནུས་པ་འགན་ལེན་དང་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་དང་། ཁྱོན་ཡོངས་ནས་ཁེ་ལས་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ཀྱིས་དཀའ་ངལ་ཁྲོད་འཚོ་གནས་དང་ཚོང་ལས་ཀྱི་གོ་སྐབས་འཚོལ་བར་རྒྱབ་སྐྱོར་བྱ་དགོས། ཚོང་རར་འགན་སྲུང་བྱ་རྒྱུ་དེ་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བར་བྱེད་པའི་ཁ་ཚ་དགོས་གཏུག་གི་ལས་འགན་དུ་བརྩིས་ནས། མངགས་ཐོ་དམ་འཛིན་བྱ་རྒྱུ་དེ་ཚོང་རར་འགན་སྲུང་བྱེད་པའི་ལས་དོན་གཙོ་བོར་བརྩིས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་ཚོང་རའི་ཐོབ་སྐལ་བརྟན་པོ་ཡོང་བར་བྱ་རྒྱུ་དང་། ཁེ་ལས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་ཤར་གཏོང་ཐུབ་པ་དང་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བྱེད་པར་རྒྱབ་སྐྱོར་དང་། ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

 ཧུའུ་ཁྲུན་ཧྭ་ཡིས་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་འཐུས་ཚང་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱུན་འཁྱོངས་བྱ་རྒྱུ་དང་། རང་འགུལ་ངང་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་བསྐྱར་འཛུགས་ཁྲོད་ཞུགས་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིསཐོན་ལས་འཁོར་འབྲེལ་ཐད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་འཕེལ་རྒྱས་གཏོང་རྒྱུ་དེ་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས་སྔར་ལས་ལྷག་པར་ཧུར་ཐག་སྒོས་ཕན་ནུས་ལྡན་པའི་སྒོ་འབྱེད་སྟངས་འཚོལ་ཞིབ་བྱ་རྒྱུ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་དང་འཚམ་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཕན་ཚུན་བར་གཞོགས་འདེགས་བྱས་ཏེ་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་འགྲིལ་ཤུགས་ཆགས་པར་བྱས་ཏེ། སྲིད་ཇུས་རྣམས་རིམ་པ་བཞིན་བརྒྱུད་གཏོང་དང་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།