ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད་སྐབས་དུས་རབས་གསར་བའི་ཏང་གི་བོད་ལྗོངས་བཅོས་སྐྱོང་འཐབ་ཇུས་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ་བོད་ལྗོངས་ཡུན་རིང་གཏན་འཇགས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ཆར་བོད་ལྗོངས་སུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་བྱ་བའི་ཐད་ཀྱི་གཞུང་ལུགས་ཞིབ་བརྗོད་དང་དུས་རབས་གསར་བའི་ཏང་གི་བོད་ལྗོངས་བཅོས་སྐྱོང་འཐབ་ཇུས་ལ་སློབ་སྦྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཁྱོན་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་དང་བོད་ལྗོངས་བྱ་བར་འཆར་འགོད་བྱེད་པ། མེས་རྒྱལ་གཅིག་གྱུར་དང་དམ་དུ་འབྲེལ་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། ཡུན་རིང་ལ་དམིགས་པའི་ཐབས་ཇུས་དང་། ལས་མང་མཉམ་སྤྱོད། ཁ་བྲལ་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱས་ཏེ། ཉེན་ཁའི་འགྲན་རྩོད་ལ་འགོག་སྲུང་ནན་མོ་བྱས་ནས། བོད་ལྗོངས་ཡུན་རིང་གཏན་འཇགས་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན། 

1594258113386593.jpg

ཟླ7པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད། འདི་ནི་ཟླ7པའི་ཚེས6ཉིན་ཝང་དབྱང་གིས་གཞིས་ཀ་རྩེ་བསམ་འགྲུབ་རྩེ་ཁུལ་ལྕགས་འདམ་ཤང་ཀོ་རྒྱ་སྡེ་གསར་གྱི་དབུལ་སྐྱོར་གནས་སྤོར་གཅིག་བསྡུ་བདེ་འགོད་ས་ཁུལ་གྱི་བོད་རིགས་གནས་སྐོར་མང་ཚོགས་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།

1594257337613025.jpg

ཟླ7པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བོད་ལྗོངས་སུ་རྟོག་ཞིབ་མཛད། འདི་ནི་ཟླ7པའི་ཚེས7ཉིན་ཝང་དབྱང་གིས་གཞིས་ཀ་རྩེ་དཔལ་ནང་རྫོང་དུ་སིལ་ཏོག་སྔོ་ཚལ་འདེབས་འཛུགས་སུ་མང་ཚོགས་དང་མཉམ་དུ་བརྗེ་རེས་མཛད་བཞིན་པ། 

ཝང་དབྱང་གཞིས་ཀ་རྩེ་དང་། ལྷ་ས་སོགས་སུ་ཕེབས་ཏེ་དབུལ་སྐྱོར་གནས་སྤོར་སྡེ་བ་དང་ཞིང་སྡེ་འབྲོག་ཁུལ། ཐོན་ལས་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་གནས་སོགས་སུ་རྟོག་ཞིབ་མཛད་པ་མ་ཟད། བྱ་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་ཅིང་། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན། ཁོང་གིས་བསྟན་དོན། ཉེ་བའི་རིང་ལ་རང་སྐྱོང་ལྗོངས་ཏང་ཨུས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ཏན་ཏིག་གིས་ལག་ལེན་དོན་འཁྱོལ་བྱས་པ་དང་། ཁྲིམས་ལྟར་བོད་ལྗོངས་བཅོས་སྐྱོང་དང་། དུས་ཡུན་རིང་བོར་འཛུགས་སྐྲུན། མི་སེམས་གཅིག་ཏུ་སྒྲིལ་ཏེ་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ། དཀའ་ཚེགས་ཀྱི་ལས་ཀ་མང་པོ་སྒྲུབ་ཅིང་། སྣ་སོ་སོའི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ། བོད་ལྗོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་གཏན་འཇགས། མི་དམངས་ཀྱི་འཚོ་བ་བདེ་སྐྱིད། སྐྱེ་ཁམས་ཁོར་ཡུག་ལེགས་པ་བཅས་ཀྱི་རྣམ་པ་གསར་བ་རྒྱུན་འཁྱོངས་བྱས་ཡོད་ཅེས་བསྟན། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། མི་རིགས་ཆོས་ལུགས་བྱ་བ་དེ་བོད་ལྗོངས་ཀྱི་ཡུན་རིང་བདེ་འགོད་ལ་འབྲེལ་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་གཙོ་བོ་ཡིན་པའི་ལམ་ཕྱོགས་ནས་མི་རིགས་མཐུན་སྒྲིལ་བྱ་བ་ལེགས་པོར་སྒྲུབ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་མཐོང་ཆེན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ལེགས་བཅོས་དང་ཤུགས་བསྣན་ནས། ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་སྐད་བརྡ་དང་ཡི་གེ་ཁྱབ་གདལ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་རྒྱ་བསྐྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་གཏོང་བའི་ཆུ་ཚད་ཀྱིས་ཆོས་ལུགས་བྱ་བ་ལེགས་སྒྲུབ་བྱེད་པ་དང་། ཁྲིམས་ལྟར་དགོན་སྡེ་དང་ཆོས་ལུགས་བྱེད་སྒོར་དོ་དམ་བྱས་ཏེ། སེར་སྐྱ་མང་ཚོགས་ཀྱིས་རྒྱལ་ཁྲིམས་དེ་ཆོས་ལུགས་ཀྱི་འདུ་ཁྲིམས་ལས་ཆེ་བའི་འདུ་ཤེས་ཆགས་སུ་འཇུག་པ་དང་། དད་ལྡན་མང་ཚོགས་ཀྱིས་ཐོག་མར་རྒྱལ་ཁབ་སྤྱི་དམངས་ཀྱི་སྤྱི་ཚོགས་འདུ་ཤེས་འཛིན་པར་སྣེ་ཁྲིད་ནས། ཆོས་ལུགས་མི་སྣའི་སློབ་གསོར་མཐོང་ཆེན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ལེགས་ཤོས་དར་སྤེལ་བཏང་སྟེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཕན་ཚུན་འཚམ་པོ་ཡོང་བར་སྣེ་ཁྲིད་དགོས་ཞེས་བསྟན།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་འཕེལ་རྒྱས་དང་ཐོབ་ཚོར་གཉིས་མཐོར་འདེགས་སུ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དོན་འཁྱོལ་གྱིས་མཐུན་སྒྲིལ་དང་མི་སེམས་གཅིག་སྒྲིལ་སྟེང་ཡོང་བར་བྱེད་དགོས། དབུལ་སྐྱོར་མཁྲེགས་གཏོར་ནི་དཔལ་འབྱོར་གྱི་བྱ་བ་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ལས་འགན་ཞིག་ཀྱང་ཡིན། བོད་ལྗོངས་ཀྱིས་བྱོལ་འགོག་སློབ་སྲུང་དང་།  འཐུང་ཆུའི་བདེ་འཇགས། ས་གནས་ཀྱི་ནད་རིགས་འགོག་བཅོས་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཡུལ་གཞན་དུ་གནས་སྤོར་རྗེས་ཀྱི་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་། དབུལ་སྐྱོར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་ནས། བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས། ཕྱིར་དབུལ་བོར་འགྱུར་བ་འགོག་སྲུང་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྒྲིག་སྲོལ་སྒྲིག་འཛུགས་འཐུས་ཚང་དུ་བཏང་ནས། ཁྱོན་ཡོངས་ནས་དབུལ་ཐར་དང་ཞིང་སྡེ་དར་རྒྱས་སུ་གཏོང་བ་གཉིས་མཐུད་སྦྲེལ་བྱས་ཏེ། སྔོན་ལ་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ་སོགས་བརྒྱུད་དེ། སྐྱེ་ཁམས་སྲུང་སྐྱོབ་རྒྱུན་འཁྱོངས་དང་། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་གཉིས་མཐུན་སྦྱོར་ཡོང་བའི་སྐྱེ་ཁམས་དཔལ་ཡོན་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། མཛེས་སྡུག་གི་མཐོ་སྒང་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།

 རྟོག་ཞིབ་སྐབས་སུ། ཝང་དབྱང་གིས་ད་དུང་གཞིས་ཀ་རྩེའི་ལྗོངས་རིམ་པའི་སྲིད་གྲོས་ཨུ་ཡོན་དང་འཐུས་མི་དང་གྲོང་ཁྱེར་གྱི་སྲིད་གྲོས་ལས་ཁུངས་སོ་སོའི་ལས་བྱེད་པར་འཚམས་འདྲི་གནང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།