ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འབྲུབ་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པར་མཐོ་རུ་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་འབྲུབ་འགོག་གི་དུས་བབ་ཛ་དྲག་པོར་དམིགས་ནས། ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་འབྲུག་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུས་སླར་ཡང་བརྙན་ལམ་གྱི་གྲོས་མོལ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། འབྲི་ཆུའི་དབུས་སྨད་རྒྱུད་དང་ཐའེ་ཧུའུ་མཚེའུ་རྒྱུད་ཀྱི་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྔར་བས་བཀོད་སྒྲིག་བྱས་པ་མ་ཟད། ཚེས་7ཉིན་གྱི་ཆུ་ཚོད16པར་འབྲུབ་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་དེ་རིམ་པ་གསུམ་པར་མཐོ་རུ་བཏང་བ་རེད།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུས། དུས་འགོར་ཧུའུ་པེ་དང་ཨན་ཧུའེ་ལ་ལས་དོན་ཚོགས་ཆུང་བཏང་བའི་རྨང་གཞིའི་ཐོག སླར་ཡང་ལས་དོན་ཚོགས་ཆུང་དགུ་སི་ཁྲོན་དང་། ཁྲུང་ཆིང་། ཧུའུ་ནན། ཅང་ཤིས། ཅང་སུའུ། ཀྲེ་ཅང་། ཧོ་ནན། ཀུའེ་ཀྲོའུ། ཧེ་ལུང་ཅང་། ཅི་ལིན་སོགས་ཞིང་ཆེན(གྲོང་ཁྱེར)དུ་མངགས་ནས་ས་གནས་ཀྱིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ཤིང་། མིག་སྔར་ལས་དོན་ཚོགས་ཆུང་ཚང་མ་འབྲུབ་འགོག་གི་གཙོ་གནད་ས་ཁོངས་སུ་འབྱོར་ནས་ལས་དོན་སྒྲུབ་བཞིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་ནས་འབྲི་ཆུའི་དབུས་སྨད་རྒྱུད་བར་བསྟུད་མར་ཆར་པ་ཆེན་པོ་བབས་ནས། ཐའེ་ཧུའུ་མཚེའུ་དང་འབྲི་ཆུའི་རྒྱུག་ཁུལ་དུ་སྔ་རྗེས་སུ་ཆུ་ལོག་ཐོན་ཡོད། ཟླ་7ཚེས་7ཉིན་གྱི་ཆུ་ཚོད14བར། འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་གཞུང་རྒྱུན་ཏེ། ཅན་ལི་མན་གྱི་གཙང་དུམ་དང་། ཏུང་ཐིང་མཚེའུ་དང་ཕོ་དབྱང་མཚེའུ་བཅས་ཀྱི་ཆུ་ཁ་སྨི་0.01ནས་0.75བར་གྱི་ཉེན་ཟོན་ལས་བརྒལ་བ་དང་། ཐའེ་ཧུའུ་མཚེའུ་ཡི་ཆུ་ཁ་སྨི0.47གྱི་ཉེན་ཟོན་ལས་བརྒལ་ཡོད། སྔོན་དཔག་ལྟར་ན། ཚེས7ཉིན་ནས་ཚེས9ཉིན་བར། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་ནས་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ས་ཁུལ་དུ་སྔར་བཞིན་དྲག་ཆར་འབབ་རྒྱུ་དང་། འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་གཞུང་རྒྱུན་དང་། དེ་བཞིན་ཏུང་ཐིང་མཚེའུ་དང་། ཕོ་དབྱང་མཚེའུ། ཐའེ་ཧུའུ་མཚེའུ་བཅས་ཀྱི་ཆུ་ཁ་མུ་མཐུད་འཕར་ནས་འབྲུབ་འགོག་གི་གནོན་ཤུགས་སྔར་བས་ཆེ་རུ་དང་འབྲུབ་འགོག་གི་དུས་བབ་ཛ་དྲག་ཏུ་འགྲོ་རྒྱུ་རེད།

ཉིན་ཤས་བསྟུད་མར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཉིན་ལྟར་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་སོགས་གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་གྱི་ལས་དོན་བཀོད་གཏོང་བཀོད་སྒྲིག་བྱས་པའི་ཁར། ཆུ་བེད་དང་། གནམ་གཤིས། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་དབར་འབྲེལ་གཏུག་དང་གྲོས་མོལ་བྱས་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་འབྲུབ་འགོག་ཉེན་སེལ་གྱི་གཙོ་གནད་ས་ཁུལ་དུ་མངགས་གཏོང་བྱས་ནས་ཆེད་ལས་སྟོབས་ཤུགས་སྔོན་ལ་བཀོད་སྒྲིག་བྱས་ཡོད། ས་གནས་ཁག་གི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེན་ཟོན་གྱི་ཚད་ལས་བརྒལ་བའི་ཆུ་བོའི་དུམ་བུའི་ཆུ་རགས་དང་། ཆུ་བྲུབས་ཀྱི་ཚད་ལས་བརྒལ་བའི་ཆུ་མཛོད། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ཆེ་བའི་ས་ཁུལ་བཅས་ལ་སྐོར་ཞིབ་དང་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆེད་མི་བཀོད་སྒྲིག་བྱས་ནས་ཉིན་མཚན་མེད་པར་གཙོ་གནད་ས་ཆར་ལྟ་ཞིབ་བྱེད་པ་དང་། འཕྲལ་སྡོམ་སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བྱེད་པ། ཆུ་ལོག་འཁྱིལ་ཁུལ་དང་། དེ་བཞིན་ཆུ་ལོག་གི་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་ཁུལ་གྱི་མི་སྣ་གནས་སྤོས་ཉེན་གཡོལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།