ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་དང་ཁ་པར་གྱི་ལམ་ནས་བཀའ་མོལ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཟླ་དྲུག་པའི་ཟླ་སྨད་དུ། ཨུ་རུ་སུས་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་དོན་ལྔ་འཁོར་བའི་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོ་སྤེལ་ནས། འཛམ་གླིང་ཡོངས་ལ་ལོ་རྒྱུས་བློ་ལ་ངེས་པ་དང་ཞི་བདེ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད། ཉིན་ཤས་གོང་ཨུ་རུ་སུ་ཕྱོགས་ཀྱིས་དམངས་ཡོངས་ཀྱིས་འདེམས་ཤོག་འཕེན་པའི་བྱེད་སྒོ་བདེ་བླག་ངང་སྤེལ་ཏེ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་འདེམས་ཤོག་མང་པོ་འཕངས་ནས་གྲོས་འཆམ་བྱུང་བ་དེའི་ཐོག་ནས། ཨུ་རུ་སུའི་མི་དམངས་ཀྱིས་ཨུ་རུ་སུའི་སྲིད་གཞུང་ལ་རྒྱབ་སྐྱོར་དང་དེ་བཞིན་ཨུ་རུ་སུའི་སྲིད་གཞུང་གི་རྒྱལ་སྐྱོང་འདུ་ཤེས་ལ་ངོས་འཛིན་གཅིག་མཐུན་བྱུང་བ་གང་ལེགས་སྒོས་མཚོན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨུ་རུ་སུ་ཕྱོགས་ཀྱིས་འཕེལ་རྒྱས་དང་དར་རྒྱས་མགྱོགས་མྱུར་མངོན་འགྱུར་ཡོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཧ་ཅང་མགྱོགས་པོ་བྱུང་ཡོད། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཀྱི་གྲོགས་པོ་ཞིག་ཡིན་པའི་ངོས་ནས། འཐབ་ཇུས་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱ་རྒྱུར་དགོས་གལ་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་གཏོར་བརླག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་འདོད་ཡོད། རང་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་ཡག་པོ་བྱས་ནས་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུས་པྲོག་དབྱིབས་གློ་ཚད་རིམས་ནད་ཀྱི་ཆེས་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ནས། དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བར་འཐབ་ཇུས་ཀྱི་ནང་དོན་བསྣན་ཡོད། ཕྱོགས་གཉིས་ཀྱིས་དུས་ཡུན་ཅུང་རིང་པོའི་ནང་རིམས་ནད་ལ་ཁ་གཏད་འཇལ་བ་དང་དུས་མཚུངས་སུ། སྟབས་བསྟུན་སྣ་མང་གི་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀས་ཚན་རྩལ་གསར་གཏོད་ལོའི་གོ་སྐབས་བེད་སྤྱོད་ཡག་པོ་བྱས་ཏེ། ལག་རྩལ་མཐོ་གྲས་དང་རིམས་འགོག་སྨན་ཁབ། སྨན་རྫས་ཞིབ་འཇུག་གསར་སྤེལ། སྐྱེ་དངོས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཨུའི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་གཞོགས་འདེགས་རྒྱུན་ཆད་མེད་པར་དམ་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་། བཙན་དབང་རིང་ལུགས་དང་ཕྱོགས་རྐྱང་པའི་བྱ་སྤྱོད་ལ་ངོ་རྒོལ། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས།

ཕུའུ་ཅིང་གིས་བསྟན་དོན། ཉེ་ཆར་ཨུ་རུ་སུའི་དམངས་ཡོངས་ཀྱིས་འདེམས་ཤོག་མང་པོ་འཕངས་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ཞིང་། དེས་ཨུ་རུ་སུའི་ཡུན་རིང་ཆབ་སྲིད་བརྟན་ལྷིང་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བདག་དབང་ལ་སྔར་ལས་སྲུང་སྐྱོབ། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བཅས་བྱ་རྒྱུར་ཕན་ཐོགས་ཡོད། ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀས་རང་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། རིམས་ནད་ཀྱི་དཀའ་ཚེགས་ཆེ་བའི་སྐབས་སུ་ཕན་ཚུན་རོགས་སྐྱོར་བྱེད་པའམ་ཡང་ན་མི་རིང་བའི་གོང་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ཨུ་རུ་སུར་བསྐྱོད་དེ་ཐང་ཆེན་དམར་པོའི་དམག་གཟིགས་མཛད་སྒོར་ཞུགས་པ་དེས་མཛའ་མཐུན་གྱི་འབྲེལ་བར་ཡང་བསྐྱར་ར་སྤྲོད་བྱས་ཡོད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་འབད་བརྩོན་བྱེད་པ་ལ་ཨུ་རུ་སུ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་བདག་དབང་ལ་གཏོར་བརླག་གཏོང་བའི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་ཕྱོགས་ལ་ཤང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན་པར་ཡིད་ཆེས་ཡོད་ཅེས་གསུངས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།