ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འབྲེལ་གཏུག་ཚོགས་ཆུང་གིས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དང་ཧོང་ཀང་གྲོང་ཁྱེར་སོགས་ལ་སྔ་རྗེས་སུ་བསྐྱོད་དེ། མཐོ་རྒྱུགས་ཀྱི་རྒྱུགས་གནས་གྲ་སྒྲིག་སོགས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་ཞིབ་བཤེར་བྱས་པ་མ་ཟད། ད་དུང་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་ཀྱང་བཏང་བ་རེད།
འབྲེལ་གཏུག་ཚོགས་ཆུང་གིས་ཧོང་ཀང་གྲོང་ཁྱེར་ཧོང་ཀང་སློབ་ཆུང་དང་། ཧོང་ཀྲོའུ་ཆུས་སློབ་འབྲིང་དང་པོ། ཝུའུ་ཧན་གྲོང་ཁྱེར་སློབ་འབྲིང་ཉེར་གསུམ་པ་སོགས་ལ་སྔ་རྗེས་སུ་ཡོང་ནས་མཐོ་རྒྱུགས་ཀྱི་རྒྱུགས་རའི་མཐའ་འཁོར་གྱི་ཁོར་ཡུག་དང་། རྒྱུགས་རའི་རིམས་འགོག བདེ་འཇགས་གསང་སྲུང་། རྒྱུགས་ར་དོ་དམ། བཟའ་འཐུང་འཕྲོད་བསྟེན། འཕྲལ་སྡོམ་སྔོན་ཇུས་ཀྱི་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ས་ཆ་དངོས་སུ་ཞིབ་བཤེར་བྱས་པ་རེད། འབྲེལ་གཏུག་ཚོགས་ཆུང་གིས་རང་རྒྱལ་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པའི་མཐོ་རྒྱུགས་ནི་རྒྱལ་ཁབ་ཀྱི་ཤེས་ལྡན་པ་འདེམས་སྒྲུག་དང་། སྤྱི་ཚོགས་གཞུང་དྲང་། རྒྱ་ཆེའི་སློབ་མ་དང་ཁྱིམ་ཚང་གི་བདེ་རྩར་ཐུག་པའི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་པ་ཞིག་རེད། དུས་བཀག་གོང་མའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་ཞིག་ཡིན་པའི་ཧུའུ་པེ་ཞིང་ཆེན་གྱིས་རྒྱལ་ཡོངས་དང་དུས་གཅིག་ཏུ་མཐོ་རྒྱུགས་གཏོང་བར་གྲ་སྒྲིག་ལས་ཀ་ལྗིད་རྫོབ་ཆེན་པོ་ཡོད་པ་མ་ཟད། ད་དུང་དཀའ་ངལ་དང་འགྲན་སློང་དེ་བས་མང་པོའང་འཕྲད་རྒྱུ་རེད། བདེ་ཐང་གང་ལས་ལྷག་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་མཐོ་རྒྱུགས་སྒྲིག་འཛུགས་དང་རིམས་འགོག་ལས་དོན་གྱི་ཇུས་གཞི་དང་ལག་བསྟར་བྱ་ཐབས་གཞིར་བཟུང་། མཐོ་རྒྱུགས་རིམས་འགོག་གི་འགག་རྩའི་བྱེད་ཐབས་10དོན་འཁྱོལ་ཞིབ་ཚགས་བྱེད་དགོས་ཤིང་། བྱ་སྤྱོད་ནན་ཤོས་ཀྱི་ཐོག་ནས་ཡིག་རྒྱུགས་རིམས་འགོག་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་ནན་ཤོས་ཀྱི་ཐོག་ནས་ཡིག་རྒྱུགས་ཀྱི་བདེ་འཇགས་འགན་ལེན་བྱེད་པ། རྣམ་འགྱུར་ནན་ཤོས་ཀྱི་ཐོག་ནས་ཡིག་རྒྱུགས་ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ། “བདེ་ཐང་གི་མཐོ་རྒྱུགས་དང་། གཞུང་དྲང་གི་མཐོ་རྒྱུགས། བརྟན་བརླིང་གི་མཐོ་རྒྱུགས། དྲོ་སྐྱིད་ལྡན་པའི་མཐོ་རྒྱུགས། དྲང་བདེན་གྱི་མཐོ་རྒྱུགས”བཅས་ཡོང་བའི་འགན་ལེན་བྱེད་དགོས། རིམས་འགོག་དང་གསོ་སྦྱོང་གཉིས་ཡོངས་སུ་ཁྱབ་པར་བྱས་ཏེ་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་ལེན་མི་སྣ་ཚང་མས་རིམས་འགོག་ཤེས་བྱ་གསལ་པོ་ཤེས་པ་དང་དགོས་ངེས་ཀྱི་རྩལ་ནུས་ཁོང་དུ་ཆུད་པའི་འགན་ལེན་བྱེད་དགོས། ཉེ་དུས་ཧུའུ་པེ་ཞིང་ཆེན་དུ་དྲག་ཆར་བབས་པར་དམིགས་ཏེ། ཆེད་དམིགས་སྔོན་ཇུས་བཀོད་ནས་མ་བྱུང་སྔོན་འགོག་དང་ཐག་གཅོད་ནུས་ལྡན་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད།
འབྲེལ་གཏུག་ཚོགས་ཆུང་གིས་སློབ་གྲྭ་ནི་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་སའི་ཡུལ་གཙོ་བོ་ཞིག་རེད། ཟླ་5པ་དང་ཟླ་6པར་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པ་དང་། དམའ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པ། དེ་བཞིན་མཐོ་སློབ་སློབ་ཐོན་ལོ་རིམ་བཅས་ཀྱི་སློབ་མ་སློབ་གྲྭར་ཕྱིར་ལོག་བྱས་ནས་སློབ་འགོ་བསྐྱར་དུ་ཚུགས་རྗེས། ཉེ་དུས་ཧུའུ་པེའི་ས་ཁུལ་དང་གྲོང་ཁྱེར་ཁག་གི་མཐོ་རིམ་སློབ་འབྲིང་དང་དམའ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཐོན་མིན་པའི་ལོ་རིམ་གྱི་སློབ་མའང་སློབ་གྲྭར་ཕྱིར་ལོག་བྱས་ནས་སློབ་འགོ་བསྐྱར་དུ་ཚུགས་རྒྱུ་རེད་ལ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བུ་བཅོལ་ཁང་དུའང་སྟོན་དུས་ཀྱི་སློབ་དུས་དུས་བཀག་བཞིན་འགོ་ཚུགས་རྒྱུ་རེད། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་དགེ་སློབ་ཀྱི་བདེ་ཐང་ཨང་དང་པོར་འཇོག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ། “ཉིན་རེའི་སྙན་ཞུ”དང“གནས་ཚུལ་མེད་པའི་སྙན་ཞུ”ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། “ཡོད་པ་ལྔ་དང་ནན་པོ་གསུམ”དོན་འཁྱོལ་ནན་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོར་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བའི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་སློབ་གྲྭའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ཏེ་སློབ་མའི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག རྒྱ་ཆེའི་དགེ་སློབ་ལ་རྒྱལ་གཅེས་བརྩེ་སེམས་འཇགས་པར་བྱ་རྒྱུ་དང་། རྒྱལ་ཁབ་སྟོབས་ཆེན་གྱི་བསམ་འདུན་འཕེལ་བར་བྱ་རྒྱུ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་སྤེལ་རྒྱུ་བཅས་ཁྲིད་སྟོན་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འབྲེལ་གཏུག་ཚོགས་ཆུང་གིས་ཧུའུ་པེ་ཞིང་ཆེན་གྱི་མཐོ་རྒྱུགས་ཀྱི་རྒྱུགས་གནས་གྲ་སྒྲིག་སོགས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་ཞིབ་བཤེར་བྱས་པ།