ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་བློ་འདོན་པ་ཏའོ་ཝ་ཨར་ལ་ཁ་པར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནད་དོན་ལེགས་བཅོས་བྱེད་པའི་ཐད་ནས་བསམ་ཚུལ་བརྗེ་རེས་དང་དགེ་མཚན་ལྡན་པའི་ལྟ་ཚུལ་གཅིག་མཐུན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐད་ཀྱི་ཀྲུང་གོའི་ཕྱོགས་ཀྱི་དམིགས་བསལ་འཐུས་མི། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་དབྱི་ཡིས་ཟླ་བདུན་པའི་ཚེས་ལྔའི་ཉིན་གྱི་དགོང་མོར་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི། རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་བློ་འདོན་པ་ཏའོ་ཝ་ཨར་ལ་ཁ་པར་བཏང་།

ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་རྒྱ་གར་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་རེད། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་ཉམས་སད་ཐེག་པར་བྱས་ཏེ། དེ་རིང་གི་འཕེལ་རྒྱས་གྲུབ་འབྲས་འདི་ལྟ་བུ་ཞིག་ཐོབ་པ་ནི་ལས་སླ་མོ་ཞིག་མིན། ཅང་མ་འགོར་བའི་སྔོན་ལ་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ནུབ་རྒྱུད་མཐའ་མཚམས་ནས་བྱུང་བའི་ཅ་ལི་ཝན་གྲོག་རོང་དོན་རྐྱེན་གྱི་བདེན་རྫུན་དབྱེ་བ་ཧ་ཅང་གསལ་བོ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་མངའ་ཁོངས་བདག་དབང་དང་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཝང་དབྱི་ཡིས་བསྟན་དོན། འཕེལ་རྒྱས་དར་རྒྱས་མངོན་འགྱུར་བྱེད་པ་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་འགན་འཁྲི་དང་པོ་ཡིན་ལ། ཁ་ཕྱོགས་ཆེན་པོ་འདིའི་ཐད་ནས་ཀྲུང་གོ་དང་རྒྱ་གར་གཉིས་བར་ལ་ཡུན་རིང་བའི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ལྡན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་འཇིགས་སྐུལ་མི་བྱེད་པ་དང་ཕན་ཚུན་བར་འཕེལ་རྒྱས་ཀྱི་གོ་སྐབས་ཡོད་པའི་འཐབ་ཇུས་བརྡར་གཅོད་རྒྱུན་འཁྱོངས་བྱས་ཏེ། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་མངོན་པའི་རྙོག་འཛིང་གི་གནས་བབ་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ནས། ཕན་ཚུན་བར་འཕྲད་པའི་དཀའ་ཁག་སྣ་ཚོགས་མཉམ་དུ་ཐག་གཅོད་བྱེད་པར་གང་མགྱོགས་སྒོས་འབད་བརྩོན་བྱེད་དགོས། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། དམངས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་གྱི་བརྗེ་རེས་མཉམ་ལས་ལ་སྲུང་སྐྱོབ་དང་སྐུལ་འདེད་བཏང་ནས། རྩོད་གཞི་ཇེ་ཆེ་དང་རྙོག་འཛིང་ཅན་དུ་གཏོང་བའི་བྱེད་ཐབས་སྣ་ཚོགས་གཏན་འགོག་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འབྲེལ་བའི་ཆེ་ཕྱོགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།

ཕྱོགས་གཉིས་ཀྱིས་མིག་སྔར་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནད་དོན་ལེགས་བཅོས་བྱེད་པའི་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། དགེ་མཚན་ལྡན་པའི་ལྟ་ཚུལ་གཅིག་མཐུན་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།