ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ཚད་བརྒལ་ལེགས་འགྲུབ་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ། ལྕགས་ལམ་འཛུགས་སྐྲུན་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཧུར་ཐག་བསལ་ཏེ། རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར3258ཟིན་ནས་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར38མང་དུ་ཕྱིན་པ་དང་དུས་མཚུང་ལས1.2%འཕར་ཡོད། དེའི་ནང་རྒྱལ་ཁབ་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར2451ཟིན་པ་དེ་དུས་མཚུངས་ལས3.7%འཕར་ནས། ལྕགས་ལམ་མ་འཇོག་གི་དམིགས་ཚད་ལས་འགན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་བ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པ་འཛུགས་སྐྲུན་པུའི་འགན་ཁུར་མི་སྣས། རིམས་ནད་ཀྱི་ཤུགས་རྐྱེན་འོག་དུས་ཚིགས་དང་པོར། ལྕགས་ལམ་གྱི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར799ལས་ཟིན་མེད་པ་དེ་དུས་མཚུངས་ལས21%ཆག་པ་དང་། དུས་ཚིགས་གཉིས་པར། ཀྲུང་དབྱང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དེ་བཞིན“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལྕགས་ལམ་མ་འཇོག་འཆར་གཞི་ཁ་སྣོན་བརྒྱབ་པ་དང་སྐྲུན་བཞིན་པའི་ལས་གྲྭ་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་བས། མ་དངུལ་འཇོག་ཚད་སྒོར་དུང་ཕྱུར2459ཟིན་ནས་དུས་མཚུངས་ལས11.4%འཕར་ཡོད་པ་དང་། དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར1797ཟིན་པ་དེ་དུས་མཚུངས་ལས16.4%འཕར་ནས་མ་འཇོག་འཆར་གཞི་ཚད་བརྒལ་ལེགས་གྲུབ་བྱུང་བ་དང་ཆབས་ཅིག དུས་ཚིགས་དང་པོའི་མ་འཇོག་གི་གཏོང་ཡོང་མགོ་མ་ཐུག་པའི་སྟོང་ཆ་གསབ་ནས་ལྕགས་ལམ་མ་འཇོག་ལྡོག་འཕར་ཡོང་བ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྐྲུན་བཞིན་པའི་ལྕགས་ལམ་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་ཐུབ་པ་དང་ཐོན་འབོར་ལོན་ཞིང་། འདི་ལོའི་ལོ་སྟོད་དུ། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུས་ནས་ཁྲོན་བོད་ལྕགས་ལམ་དང་། གཙང་རྒྱུད་མྱུར་བགྲོད་ལྕགས་ལམ། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔོན་ལ་བཀོད་སྒྲིག་བྱས་ནས་དུས་འགོའི་ལས་དོན་གྱི་འཕེལ་རིམ་དང་སྤུས་ཚད་འགན་ལེན་བྱས་པ་དང་། ཀྲེང་ཀྲོའུ་ནས་ཅི་ནན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྲན་ཏུང་དུམ་བུ་དང་། ཧྲང་ཧའེ་ནས་སུའུ་ཀྲོའུ་རྒྱུད་ཧུའུ་ཀྲོའུ་བར་གྱི་ལྕགས་ལམ། ཨ་ཁེ་སུའུ་ནས་ཨ་ལར་བར་གྱི་ལྕགས་ལམ་སོགས་རྣམ་གྲངས12བདེ་བླག་ངང་ལས་འགོ་ཚུགས་པ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དང་། པེ་ཅིང་ནས་ཧྲེན་དབྱང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་པེ་ཅིང་དང་ཧོ་པེ་དུམ་བུ། ཐའེ་ཡོན་ནས་ཅའོ་ཙུའོ་བར་གྱི་མྱུར་བགྲོད་ལྕགས་ལམ། ལེན་ཡུན་ཀང་ནས་ཞུས་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཀན་ཀྲོའུ་ནས་ཧྲེན་ཀྲེན་བར་གྱི་མྱུར་བགྲོད་ལྕགས་ལམ། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ། ཧོ་ཐན་ནས་རུའོ་ཆང་བར་གྱི་ལྕགས་ལམ། ཏ་ལི་ནས་རུའེ་ལི་བར་གྱི་ལྕགས་ལམ་སོགས་སྐྲུན་བཞིན་པའི་རྣམ་གྲངས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།

འདི་ལོའི་ལོ་སྨད་དུ། རང་རྒྱལ་གྱིས་དབྱིན་ཁྲོན་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། པེ་ཅིང་ནས་ཞུང་ཨན་ཁུལ་གསར་བར་གྱི་གྲོང་འབྲེལ་ལྕགས་ལམ་གྱི་ཧོ་པེ་དུམ་བུ། ཧོ་ཧྥེ་ནས་ཨན་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ། ཧུའེ་ཨན་ནས་ཀྲེན་ཅང་བར་གྱི་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་བྱེད་རྒྱུ་རེད། སྔོན་དཔག་ལྟར་ན། འདི་ལོར་ལྕགས་ལམ་གྱི་ལམ་ཐིག་གསར་པ་སྤྱི་ལེ4400ཙམ་ཤར་གཏོང་ཐུབ་རྒྱུ་ཡིན་པའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ2300ཙམ་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།