ཀྲུང་གོ་བོད་ཀྱི་དྲ་བ།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པ་ལྟར། ཉིན་ཤས་སྔོན་ལ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་པ་རེད། དམིགས་བསལ་སྲིད་འཛིན་ཁུལ་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱིས་ཚེས6ཉིན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་ཁོངས་མི་ཡོངས་ཚོགས་འདུར་ཞུགས། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་མངགས་གཏོང་བྱས་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་བློ་འདྲི་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་བ་དང་། ཁོངས་མིར་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྲིད་དོན་སི་ཡི་སི་ཀྲང་ཀྲང་ཅན་ཙུང་དང་། ནོར་སྲིད་སི་ཡི་སི་ཀྲང་ཁྲེན་མའོ་པོ། ཁྲིམས་སྲིད་སི་ཡི་སི་ཀྲང་ཀྲེང་རུའོ་ཧྭ། བདེ་སྲུང་ཅུའུ་ཡི་ཅུའུ་ཀྲང་ལི་ཅ་ཁྲའོ། ཉེན་རྟོག་ཁྲུའུ་ཡི་ཁྲུའུ་ཀྲང་ཏེང་པིན་ཆང་། ཉེན་རྟོག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ(རྒྱལ་ཁབ་བདེ་འཇགས) ལིའུ་ཚི་ཧུའེ། རྒྱལ་མཚམས་འགྲོ་འོང་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཆུས་ཅ་ཧུང་། ཤང་ཀང་འགག་སྒོའི་ཀོན་ཀྲང་ཏེང་དབྱི་ཧའེ། སྲིད་འཛིན་དཔོན་གཞུང་དོན་ཁང་གི་ཀྲུའུ་རེན་ཁྲེན་གོ་ཅི་བཅས་ཚུད་ཡོད་པ་རེད། ཁྲེན་གོ་ཅི་ཡིས་དམིགས་བསལ་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་ཡོད།

ཤང་ཀང་དམིགས་བསལ་ས་ཁུལ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་བཅོ་ལྔ་པ་ལྟར་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་བློ་འདྲི་ས་བཙུགས་པ་དང་། དེས་དམིགས་བསལ་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་དོན་ལ་བསམ་འཆར་འདོན་རྒྱུ་དང་འབྲེལ་དམིགས་བསལ་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱ་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་སྔོན་ལ་ལའོ་ཧུའེ་ཉིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་བློ་འདོན་པར་བསྐོ་གཞག་བྱས་པ་རེད།

ཤང་ཀང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བཞི་པར་གཞིགས་ན། ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་རྒྱུ་དང་འབྲེལ་ཡོད་ལས་དོན་ལ་འཆར་འགོད་བྱ་རྒྱུ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྲིད་ཇུས་གཏན་འབེབས་བྱ་རྒྱུ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་ཀ་གཙོ་བོ་དང་བྱ་སྤྱོད་གལ་ཆེན་ལ་མཐུན་སྦྱོར་བྱ་རྒྱུ། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་གསལ་གྱི་དོན་ཚན་བཅུ་བཞི་པར་གཏན་འཁེལ་བྱས་པའི་དམིགས་བསལ་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལས་ཀར་དམིགས་བསལ་ས་ཁུལ་གྱི་ལས་ཁུངས་དང་། རྩ་འཛུགས། མི་སྒེར་བཅས་སུ་ཞིག་གིས་ཀྱང་ཐེ་གཏོགས་བྱ་མི་ཆོག་པ་དང་ལས་ཀའི་ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་པ། གཏན་འབེབས་བྱས་པའི་གཏན་འབེབས་ལ་ཁྲིམས་འཛིན་བསྐྱར་ཞིབ་མི་བྱེད་པ་བཅས་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།