ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱེད་མཁན་རྐང་བདག་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲོམ་རའི་སྒྲིག་ཁྲིམས་སྔར་བས་ནན་དུ་བཏང་སྟེ། རྐང་བདག་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཟིལ་གནོན་གྱི་ནུས་པ་འདོན་སྤེལ་བྱེད་པ། ཁྲོམ་རར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཉེ་ཆར་སྤྱི་ཚོགས་སུ་དངུལ་ཁང་འགན་བཅོལ་སྒྲིག་གཞིའི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱེད་མཁན་རྐང་བདག38ཀྱི་མིང་ཐོ་ཡོངས་བསྒྲགས་ཐེངས་དང་པོ་བྱས་པའི་ནང་ཧང་ཀྲོའུ་ཕིང་ཀྲང་ཡོ་བྱད་ཚད་ཡོད་ཀུང་སི་དང་། ཀྲེ་ཅང་གོ་ཧེང་ཁེ་ལས་ཚད་ཡོད་ཀུང་སི། པའོ་ཐོའུ་གྲོང་ཁྱེར་པེ་པེན་མིང་ཁོ་གློག་འཕྲུལ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཚུད་ཡོད་པ་རེད།

ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་ཐེངས་ཉེ་བའི་ལོ་ཤས་རིང་གི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱེད་མཁན་དང་། ཁྲིམས་འགལ་སྒྲིག་འགལ་གྱི་དཔང་རྟགས་ཁུངས་བཙན་ཡོད་པ། སྤྱི་ཚོགས་སུ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པ་བཅས་ཀྱི་རྐང་བདག་གཙོ་བོར་བཟུང་ནས་ཁྱབ་བསྒྲགས་བྱས་ཡོད། ཁྱབ་བསྒྲགས་བྱས་པའི་རྐང་བདག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གྲས་སུ་གཙོ་བོ་གཅིག་ནས་སྒྲིག་འགལ་ངང་འབྲེལ་གཏུག་ཉོ་ཚོང་བྱས་པའམ་ཡང་ན་ཚུལ་མིན་གྱི་ཁེ་ཕན་དོན་གཉེར་བྱས་པ་དང་། གཉིས་ནས་དཔྱད་ཡིག་རྫུས་མ་བཟོས་པའམ་མཁོ་འདོན་བྱས་པ། གསུམ་ནས་འབྲེལ་གཏུག་རྐང་བདག་གིས་བསྡུར་ཚད་ངེས་ཅན་ལས་བརྒལ་བའི་མ་རྐང་བདག་དུ་བཟུང་བར་སྲིད་འཛིན་གྱི་ཆོག་འཐུས་གཉེར་མེད་པ། བཞི་ནས་རྐང་ཞུགས་མ་དངུལ་གྱི་ཡོང་ཁུངས་ལྟ་འདོམས་ཀྱི་གཏན་འབེབས་དང་མི་མཐུན་པ། ལྔ་ནས་ཕྱོགས་རྐྱང་པའི་རྐང་བདག་གིས་མ་རྐང་བདག་ཏུ་བཟུང་ཚད་ལྟ་འདོམས་བསྡུར་ཚད་ཀྱི་ཚད་བཀག་ལས་བརྒལ་བ། དྲུག་ནས་དངོས་སུ་ཚོད་འཛིན་བྱེད་མཁན་ལ་ནག་གཤེད་དང་འབྲེལ་བ་ཡོད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་དོགས་གཞི་ཡོད་པ་བཅས་ཚུད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱེད་མཁན་རྐང་བདག་ཁྱབ་བསྒྲགས་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུ་རེད། དེ་དང་ཆབས་ཅིག་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱེད་མཁན་རྐང་བདག་གི་རྐང་དབང་མུ་མཐུད་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། རྐང་བདག་གི་བྱ་སྤྱོད་ལ་གཅུན་འདོམས་དང་འབྲེལ་གཏུག་ཉོ་ཚོང་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དངུལ་ཁང་འགན་བཅོལ་སྒྲིག་གཞི་དང་ཀུང་སིའི་བཅོས་སྒྲིག་གྲུབ་ཆ་འཐུས་སྒོ་ཚང་དུ་ཏན་ཏིག་གཏོང་བ་བཅས་བྱས་ནས་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཡུན་རིང་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཕྱིར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།