ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་དུས་ལོ་ལྔའི་དུས་མཚུངས་ཀྱི་སྙོམས་ཐང་དང་བསྡུར་ན་ད་ལོའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་པའི་མི་ཐེངས46%ཆག་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། ཟླ6པའི་ཚེས26ཉིན་ཚུན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་རིམ་རྩིས་བྱས་ན་ཆར་པ་འབབ་ཚད་ཧའོ་སྨི100ནས300བར་ཟིན་ཡོད།

ཆུ་བེད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱས་པ་གཞིར་བཟུང་། འདས་ཟིན་པའི་གཟའ་འཁོར་གཅིག་ནང་རྒྱལ་ཡོངས་སུ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)16གི་གཙང་པོ158ཆུ་ལོག་གི་ཉེན་བརྡའི་མཚམས་ཐིག་ལས་བརྒལ་བ་དང་། གཙང་པོ་32འགན་སྲུང་གི་ཆུ་ཁ་ལས་བརྒལ་བ། གཙང་པོ་འབྲིང་གྲས་དང་ཆུང་གྲས་2ལ་ལོ་རྒྱུས་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད། ཐའེ་ཧུའུ་མཚེའུ་དང་འབྲི་ཆུར2020ལོའི་ཆུ་ལོག་ཨང་དང་པོ་སྔ་ཕྱིར་ཐོན་པ་རེད། མིག་སྔར་རྒྱལ་ཡོངས་ཀྱི་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ཆུའི་གནས་ཚུལ་སྤྱིར་ན་བརྟན་པོ་ཡོད་པ་དང་ཆུ་བོ་མང་ཆེ་བའི་ཆུ་ཁ་ཉེན་ཟོན་མཚམས་ཐིག་གི་གཤམ་དུ་གནས་ཡོད་པ་རེད།

ཟླ་7ཚེས་3ཉིན་བར། འདི་ལོ་ཚུན་ཆུ་ལོག་དང་ཞོད་སྐྱོན་ལས་ཀུའེ་ཀྲོའུ་དང་། སི་ཁྲོན། ཧུའུ་ནན། ཀོང་ཤིས། ཀོང་ཏུང་། ཧུའུ་པེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)26གི་མི་ཐེངས་ཁྲི1938ལ་གནོད་འཚེ་ཕོག་པ་དང་གྲོངས་པ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས121ཟིན་པ་དང་། མི་ཐེངས་ཁྲི87.5བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པ། ཁང་པ་ཁྲི1.7རྡིབ་པ། ཞིང་ལས་སྐྱེ་དངོས་རྒྱ་ཁྱོན་སྤྱི་ཆིང་སྟོང1560ལ་གནོད་འཚེ་ཕོག་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར416.4ཕོག་པ་བཅས་རེད། འོན་ཀྱང་དེ་ཉེ་དུས་ལོ་ལྔའི་དུས་མཚུངས་ཀྱི་སྙོམས་ཐང་དང་བསྡུར་ན་འདི་ལོ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་པའི་མི་ཐེངས་དང་། གནོད་འཚེས་རྐྱེན་པས་གྲོངས་པ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས། ཁང་པ་རྡིབ་གྲངས། ཐད་ཀའི་དཔལ་འབྱོར་གྱོང་གུན་ཕོག་ཚད་བཅས46%དང་། 51% 80% 46%བཅས་སོ་སོར་ཆག་ཡོད་པ་རེད།

ཐན་སྐྱོན་ཐད། འདི་ལོ་རྒྱལ་ཡོངས་ཀྱི་ཐན་སྐྱོན་གནས་ཚུལ་སྤྱིའི་ཆ་ནས་ཡང་བ་ཡོད་པ་དང་། གནོད་འཚེ་ཕོག་ཁུལ་གཙོ་བོ་ནི་ཡུན་ནན་དང་། སི་ཁྲོན། ཧྲན་ཤིས་སོགས་ཡིན་པ་རེད། རིམ་རྩིས་བྱས་ན་མི་ཐེངས་ཁྲི1187དང་ཞིང་ལས་སྐྱེ་དངོས་རྒྱ་ཁྱོན་སྤྱི་ཆིང་སྟོང2053ལ་གནོད་ཚེ་ཕོག་པ་དང་སྤྱི་ཆིང་སྟོང101སྟོན་འབབ་རྩ་བ་ནས་བསྡུ་རྒྱུ་མེད་པར་གྱུར་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར67ཕོག་ཡོད། འོན་ཀྱང་དེ་ཡང་ཉེ་དུས་ལོ་ལྔའི་དུས་མཚུངས་ཀྱི་སྙོམས་ཐང་དང་བསྡུར་ན་གནོད་འཚེ་ཕོག་པའི་མི་ཐེངས་དང་། ཐན་སྐྱོན་གྱིས་རྐྱེན་པས་འཚོ་བར་རོགས་སྐྱོར་བྱེད་དགོས་པའི་མི་གྲངས། ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་ཁྱོན། ཐད་ཀའི་དཔལ་འབྱོར་གྱོང་གུན་ཕོག་ཚད་བཅས48%དང་། 51% 58% 68%བཅས་སོ་སོར་ཆག་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། གཟའ་འཁོར་གཅིག་རིང་ས་གནས་ཁག་གི་ཆུ་རྒྱས་ཚུལ་དང་གནོད་འཚེ་ཕོག་ཚུལ་ལ་དམིགས་ཏེ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་སྔ་རྗེས་སུ་འབྲུབ་འགོག་བཀོད་གཏོང་ཚོགས་འདུ་ཐེངས4འཚོགས་ནས་ཆུ་བེད་དང་གནམ་གཤིས་སོགས་སྡེ་ཚན་དང་མཉམ་དུ་གྲོས་མོལ་བྱས་པ་དང་ད་དུང་ལས་དོན་ཚོགས་ཆུང་5བཏང་ནས་གཙོ་གནད་ས་ཁུལ་དུ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་རེད། ཟླ7པའི་ཚེས2ཉིན་གྱི་ཆུ་ཚོད20ཙམ་ལ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིསⅣརིམ་པའི་འབྲུབ་འགོག་གི་འཕྲལ་སྡོམ་བརྡ་ལན་གཏོང་འགོ་ཚུགས་ནས་འབྲེལ་ཡོད་ས་ཁུལ་ལ་བརྡ་ཐོ་བཏང་བ་སྟེ།

ཤྭ་འོད་དང་འཁྱིལ་ཆུའི་གནོད་འཚེ་འཕྲད་སྐབས། ཚན་རིག་དང་མཐུན་པའི་སྲོག་ཉེན་ལས་ཐར་ཐབས་བྱེད་སྟངས་ཤེས་པ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན།

གཅིག ཆུ་ལོག་གི་ཉེན་ཁ་འཕྲད་སྐབས། གལ་ཏེ་དུས་ཚོད་འདང་ངེས་ཡོད་ཚེ། སྔོན་གཏན་འཁེལ་བའི་ལམ་ཐིག་ལྟར་སྒྲིག་འཛུགས་ཡོད་པའི་སྒོ་ནས་རི་ལྡེབས་དང་མཐོ་ས་སོགས་སུ་གནས་སྤོ་བྱེད་དགོས། ཆུ་ལོག་གིས་མཐའ་བསྐོར་ཚེ། གྲུ་གཟིངས་དང་། པང་ལེབ། སྒོ ཉལ་ཁྲི་སོགས་ཀྱི་སྟེང་འཛེག་དགོས།

གཉིས། ཆུ་ལོག་གིས་མཐའ་བསྐོར་ནས་གནས་སྤོ་བྱེད་ཐབས་བྲལ་བའི་སྐབས་སུ་ཁང་པའི་ཐོག་སྟེང་དང་། ལྕང་སྡོང་། གྱང་སོགས་ལ་འཛེགས་ནས་གནས་སྐབས་ཉེན་ཁ་ལས་གཡོལ་ཐབས་བྱས་ཏེ་རོགས་སྐྱོབ་བྱེད་པར་ཡོང་རྒྱུར་སྒུག་པ་ལས་རང་ཉིད་གཅིག་པུར་ཆུ་བརྒལ་ནས་འགྲོ་མི་རུང་།

གསུམ། རི་ཁུལ་དུ་དྲག་ཆར་བསྟུད་མར་བབས་ཚེ་ཤྭ་འོད་ཐོན་སྲིད། གལ་ཏེ་གནས་ཚུལ་དེ་རིགས་འཕྲད་ཚེ་གཙང་པོ་བརྒལ་ནས་ཤྭ་འོད་ཀྱིས་འཁྱེར་རྒྱུར་ཡིད་གཟབ་བྱེད་དགོས་ལ་ད་དུང་རི་ཉིལ་བ་དང་། རྦབ་རྡོ། འདམ་རྡོའི་ཆུ་རུད་བཅས་ཀྱི་གནོད་འཚེར་ཡང་ཡིད་གཟབ་བྱེད་དགོས།

བཞི། གློག་ཆེན་གྱི་གློག་ཤིང་འགྱེལ་བ་དང་གློག་སྐུད་ཆད་པ་མཐོང་ཚེ། དེར་གཡོལ་ནས་གློག་མི་འཁྱུད་པ་བྱེད་དགོས།

ལྔ། ཆུ་ལོག་ཆད་རྗེས། འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་བསྒྲུབས་ནས་འགོ་ནད་མི་འགོ་བ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།