ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཡིས་ཚེས་བཞི་ཉིན་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་དང་ཕྱི་སྡོད་རང་མིའི་ལས་དོན་གྱི་བློན་ཆེན་སཱ་ཧྥ་ཏིས་ལ་ཁ་པར་བཏང་། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཅོར་ཏན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མདུན་ནས་མདུན་དུ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་བཞིན་མཆིས། ཀྲུང་གོའི་ཕྱོགས་ཀྱིས་ཅོར་ཏན་དང་མཉམ་དུ་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་དག་ཅོར་ཏན་དུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། དེ་ལས་གཞན་ཀྲུང་གོས་ཅོར་ཏན་བར་གྱི་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ང་ཚོས་ཕན་ཚུན་རོགས་རམ་དང་རྒྱབ་སྐྱོར་བྱས་པ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་དུ་ཅོར་ཏན་ཕྱོགས་ལ་རོགས་འདེགས་བྱེད་པ་དང་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། རིམས་ནད་མཇུག་སྒྲིལ་རྗེས། ཀྲུང་གོ་དང་ཅོར་ཏན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་མགྱོགས་པོ་འབྱུང་སྲིད་ཟེར། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་ནམ་རྒྱུན་ཅོར་ཏན་གྱིས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་ཐུན་མིན་ནུས་པར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཅོར་ཏན་གྱི་རྒྱལ་ཁབ་གཏན་འཇགས་དང་མི་རིགས་ལ་རྒྱའི་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་ལ། ཕཱ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པར་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱས་ཏེ། ཨ་རབ་ཀྱི་སྤུན་ཟླ་དག་དང་མཉམ་དུ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཅོར་ཏན་གྱིས་ཀྲུང་གོའི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་། ཁྱད་པར་དུ་ཐེ་ཝན་དང་ཞང་ཀང་། ཞིན་ཅང་སོགས་ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ཐད་ནས་ཀྲུང་གོའི་རྩ་དོན་ལངས་ཕྱོགས་དང་ལུགས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། 

ཝང་དབྱི་ཡིས་བསྟན་དོན། ང་ཚོས་ཟླ་བདུན་པའི་ཚེས་དྲུག་ཉིན་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་དགུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་མགོ་འཛིན་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཅོར་ཏན་གྱིས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་མཐུན་སྦྱོར་བྱ་བ་མང་བོ་བསྒྲུབ་པར་གཟེངས་བསྟོད་བྱེད་པ་དང་། ཨ་རབ་རྒྱལ་ཁབ་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ངེས་གཏན་མེད་པའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། ཕྱི་ཕྱོགས་ལ་མཐུན་སྒྲིལ་གྱིས་རིམས་འགོག་བྱེད་པའི་བརྡ་གསལ་བོ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ལག་རྡང་སྦྲེལ་ནས་དུས་རབས་གསར་བའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་གསར་བསྐྲུན་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར། 

སཱ་ཧྥ་ཏིས་ཀྱིས་བསྟན་དོན། ཅོར་ཏན་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་བཙུགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་ལ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཕན་ཐོགས་ཡོད། ཅོར་ཏན་དང་ཀྲུང་གོ་རྒྱལ་ཁབ་གང་ཡིན་ཡང་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ལ་སྲུང་སྐྱོབ་བྱེད་དགོས་པའི་འདོད་བློ་བཏོན་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་དྲང་བདེན་གྱི་ལངས་ཕྱོགས་བཟུང་བར་གཟེངས་བསྟོད་བྱེད་བཞིན་ཡོད། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨ་རབ་དང་ཀྲུང་གོའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་དགུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནས་གྲུབ་འབྲས་བཟང་བོ་ལོན་པར་འགན་སྲུང་བྱས་ནས། ཨ་རབ་དང་ཀྲུང་གོའི་འབྲེལ་བ་དང་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།