ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཀྲུང་གོའི་མི་དམངས་དང་བླངས་དམག་མེ་འགོག་ཁྲའོ་རོགས་བྱེད་པའི་འཐབ་འཁྲུག་ལ་ཞུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་གཟེངས་རྟགས་སྟེར་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནི་ཀྲུང་གོའི་མི་དམངས་དང་བླངས་དམག་མེ་འགོག་ཁྲའོ་རོགས་བྱེད་པའི་འཐབ་འཁྲུག་ལ་ཞུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མིང་ཐོག་ནས་ཀྲུང་གོའི་མི་དམངས་དང་བླངས་དམག་མེ་འགོག་ཁྲའོ་རོགས་བྱེད་པའི་འཐབ་འཁྲུག་ལ་ཞུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་གཟེངས་རྟགས་སྟེར་རྒྱུ་རེད། 

ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་རྟགས་མའི་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོའི་མི་དམངས་དང་བླངས་དམག་མེ་འགོག་ཁྲའོ་རོགས་བྱེད་པའི་འཐབ་འཁྲུག་ལ་ཞུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་གཟེངས་རྟགས་དེ་གཤམ་གྱི་ཆ་རྐྱེན་དང་འཚམ་པའི་མི་སྣར་སྟེར་རྒྱུ་རེད། 

མེ་འགོག་ཁྲའོ་རོགས་བྱེད་པའི་འཐབ་འཁྲུག་ལ་ཞུགས་པ་དང་སྔར་བཞིན་འཚོ་གཞེས་བྱེད་པའི་དང་བླངས་དམག་མི་རྒན་པ་དང་། མེ་འགོག་ཁྲའོ་རོགས་འཐབ་འཁྲུག་གི་ཞབས་ཞུ་དང་སྔར་བཞིན་འཚོ་གཞེས་བྱེད་པའི་སྨན་བཅོས་དང་ལྕགས་ལམ། སྐྱེལ་འདྲེན། ལོ་ཙཱ་བཅས་བྱེད་པའི་མི་སྣ། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སོགས་བྱ་བར་ཞུགས་པའི་མི་སྣ། དམངས་དམག་དང་དམངས་བཟོ། གསར་འགོད་པ། རྩོམ་པ་པོ། པར་ལེན་པ་སོགས་མི་སྣ། གཅིག་སྟོང་དགུ་བརྒྱ་ང་གསུམ་ལོའི་ཟླ་བདུན་པའི་འཁྲུག་རྩོད་མཚམས་བཞག་རྗེས་ནས་གཅིག་སྟོང་དགུ་བརྒྱ་ང་བརྒྱད་ལོའི་ཟླ་བཅུ་བའི་བར་གྱི་དང་བླངས་དམག་ཚང་མ་ཁྲའོ་ཞན་ནས་ཕྱིར་འཐེན་བྱེད་པའི་སྐབས་སུ། ཁྲའོ་ཞན་ནས་ཐོན་སྐྱེད་སླར་གསོའི་འཛུགས་སྐྲུན་བྱས་པའི་ད་ལྟ་འཚོ་གཞེས་བྱེད་པའི་མི་སྣ་སོགས་འདུས། དེ་མིན་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་རྗེས་སུ་སྐུ་གཤེགས་པ་དག་ཀྱང་ཐེངས་འདིའི་ཁྱབ་ཁོངས་སུ་འདུས་ཡོད། 

ཐེངས་འདིའི་མི་སྣའི་བསྡོམས་རྩིས་དེ་རྩ་འཛུགས་བསྡོམས་རྩིས་བྱེད་པ་དང་མི་སྒེར་གྱི་རེ་ཞུ་ཟུང་འབྲེལ་བྱེད་པའི་ཐབས་ཀྱིས་སྤེལ་བ་དང་། རྩ་འཛུགས་བསྡོམས་རྩིས་བྱེད་པ་གཙོ་བོ་དང་མི་སྒེར་གྱི་རེ་ཞུ་ཁ་གསབ་ཀྱི་ཚུལ་དུ་བྱས་ཡོད། 

རྩ་འཛུགས་བསྡོམས་རྩིས་བྱེད་པའི་ཁོངས་སུ་ཚུད་མེད་ཀྱང་ཆ་རྐྱེན་དང་འཚམ་པའི་མི་སྣ་དག་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་ཉེར་ལྔའི་སྔོན་དུ། ཀྲུང་གོའི་མི་དམངས་དང་བླངས་དམག་མེ་འགོག་ཁྲའོ་རོགས་བྱེད་པའི་འཐབ་འཁྲུག་ལ་ཞུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་གཟེངས་རྟགས་ཀྱི་མི་སྒེར་རེ་ཞུའི་རེའུ་མིག་བསྐང་ནས། མི་རང་ཉིད་དང་ཚབ་བྱེད་མི་སྣས་རང་གི་ཁྱིམ་ཐོ་ཡོད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་རེ་ཞུའི་རྒྱུ་ཆ་སྤྲོད་དགོས། དཔྱད་ཞིབ་བྱས་ཏེ་ཁས་ལེན་ཐོབ་རྗེས། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བ་ནས་བཟུང་བསྟུད་མར་སྟེར་རྒྱུ་རེད། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།