ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་ཀྲུང་གོའི་གུང་ཁྲན་ཏང་དམག་དཔུང་གི་ཏང་གི་འཛུགས་སྐྲུན་སྲོལ་ཡིག་དང་ཀྲུང་གོའི་གུང་ཁྲན་ཏང་གཞི་རིམ་རྩ་འཛུགས་ཀྱི་འདེམ་བསྐོའི་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན་གྲོས་ཚོགས་བསྡུས་ཏེ། ཀྲུང་གོའི་གུང་ཁྲན་ཏང་དམག་དཔུང་གི་ཏང་གི་འཛུགས་སྐྲུན་སྲོལ་ཡིག་དང་ཀྲུང་གོའི་གུང་ཁྲན་ཏང་གཞི་རིམ་རྩ་འཛུགས་ཀྱི་འདེམ་བསྐོའི་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་ནས་བསྟན་དོན། ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ནི་མི་དམངས་དམག་དཔུང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནད་འགག་ཡིན་ཞིང་། དམག་དར་བྱ་གཞག་གི་དར་རྒུད་ལ་འབྲེལ་བ་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་གཏན་འཇགས་ལའང་འབྲེལ་བ་ཡོད། ཀྲུང་གོའི་གུང་ཁྲན་ཏང་དམག་དཔུང་གི་ཏང་གི་འཛུགས་སྐྲུན་སྲོལ་ཡིག་གཏན་འབེབས་བྱས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པར་འགན་སྲུང་བྱེད་པ། ཕན་ནུས་ལྡན་པའི་སྒོ་ནས་དུས་རབས་གསར་བའི་འགན་འཁྲིའི་འདུ་ཤེས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ། མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ། རང་མདངས་བཅས་རྟག་བརྟན་ཡོང་བར་འགན་སྲུང་བྱེད་པ། ཏང་གི་དུས་རབས་གསར་བའི་དམག་དར་དམིགས་འབེན་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་རིམ་པ་དང་པོའི་དམག་དཔུང་དུ་འཛུགས་སྐྲུན་བྱེད་པ་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་དང་། ཕྱོགས་ཡོངས་ནས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ། ཆབ་སྲིད་ལེགས་སྦྱོང་བསྟུད་མར་གཏིང་ཟབ་ཏུ་སྤེལ་ནས། མཐའ་གཅིག་ཏུ་བློ་དཀར་བ་དང་དག་གཙང་། ཡིད་རྟོན་རུང་བར་བྱེད་དགོས། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་དམག་གྲབས་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། འཐབ་འཛིང་ནུས་པ་ཞེས་པའི་གཞི་རྩའི་ཚད་གཞི་དེ་མི་དམངས་དམག་དཔུང་གི་ཏང་གི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ལག་ལེན་བྱས་ཏེ། ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས་དེ་རྒྱལ་ཁའི་སྟོབས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏང་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་སྲོལ་བཟང་སྒྲིག་སྲུང་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་དགོས་ལ། རང་སྟེང་ནས་གསར་བརྗེ་བྱེད་སྤོབས་པ་རྒྱུན་འཁྱོངས་བྱས་ནས་རང་ཉིད་དག་གཙང་དང་འཐུས་ཚང་། གསར་བསྒྱུར། མཐོར་འདེགས་བཅས་བྱེད་དགོས། 

གྲོས་ཚོགས་ནས་ཀྲུང་གོའི་གུང་ཁྲན་ཏང་དམག་དཔུང་གི་ཏང་གི་འཛུགས་སྐྲུན་སྲོལ་ཡིག་གི་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་དངོས་འབེབ་ལ་ཤུགས་སྣོན་དགོས་པ་དང་། ཧྲུའུ་ཅིའི་དཔུང་སྡེ་དང་མགོ་ཁྲིད་ཚན་ཁག་འབུར་ཐོན་དུ་བྱས་ཏེ། སློབ་སྦྱོང་དང་གསོ་སྦྱོང་དམ་འཛིན་བྱས་ནས་ཏང་གི་འཛུགས་སྐྲུན་གྱི་འདུ་ཤེས་དང་ནུས་པ་མཐོར་འདེགས་བྱེད་དགོས་པར་མ་ཟད། མགོ་ཁྲིད་དང་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་དམག་དཔུང་གི་ཏང་གི་འཛུགས་སྐྲུན་སྲོལ་ཡིག་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འདེམ་བསྐོའི་བྱ་བར་མཐོང་ཆེན་བྱེད་ཅིང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱེད་པ། ཏང་ནང་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་ཚད་ལྡན་དུ་གཏོང་བའི་ཐད་བཀོད་སྒྲིག་ཆེན་མོ་རབ་དང་རིམ་པ་བཏོན་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཡར་སྐུལ་གང་ལེགས་བྱས། ཀྲུང་གོའི་གུང་ཁྲན་ཏང་གཞི་རིམ་རྩ་འཛུགས་ཀྱི་འདེམ་བསྐོའི་བྱ་བའི་སྲོལ་ཡིག་གཏན་འབེབ་དང་ལག་བསྟར་བྱས་པ་ནི་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ཏང་སྐྱོང་ནན་མོ་བྱེད་པའི་རེ་བ་དངོས་འབེབ་བྱེད་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་དང་ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འདེམ་བསྐོའི་བྱ་བ་ཚད་ལྡན་དུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དེ་ཏང་གི་འདོད་བློ་དྲིལ་སྒྲོག་དང་ཏང་གི་ཆོད་དོན་ལག་བསྟར། གཞི་རིམ་གྱི་མགོ་ཁྲིད་དེ་བཅོས་སྐྱོང་། མང་ཚོགས་བར་མཐུན་སྒྲིལ་སྐུལ་སློང་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་འཛིང་བཙན་རྫོང་ནུས་པ་བཅས་སུ་འགྱུར་བར་བྱས་ཏེ། ཏང་གིས་དུས་ཡུན་རིང་བོར་སྲིད་སྐྱོང་བའི་རྩ་འཛུགས་རྨང་གཞི་ཇེ་བརྟན་དུ་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འདེམ་བསྐོའི་ལམ་ལུགས་ཀྱི་གཏན་འཁེལ་ལག་བསྟར་ནན་མོ་བྱས་ཤིང་། ཏང་ནང་ཁུལ་གྱི་འདེམ་བསྐོའི་སྤུས་ཚད་མཐོར་འདེགས་དང་། ཏང་གི་སྒྲིག་ཡིག་ལས་བསྩལ་བའི་ཏང་ཡོན་གྱི་ཁེ་དབང་ལ་འགན་སྲུང་བྱས་ཏེ། ཏང་གི་འདུ་ཤེས་དང་ཆབ་སྲིད་འདུ་ཤེས། སྒྲིག་སྲོལ་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས་ལ། འཐུས་མིའི་ཐོབ་ཐང་ཆ་རྐྱེན་གཟབ་ནན་བྱས་ནས་ཚད་ལྡན་གྱི་འཐུས་མི་འདེམ་བསྐོ་བྱེད་པར་འགན་སྲུང་བྱེད་དགོས། 

གྲོས་ཚོགས་ནས་རིམ་པ་སོ་སོའི་ཏང་ཨུ་ཡིས་ཀྲུང་གོའི་གུང་ཁྲན་ཏང་གཞི་རིམ་རྩ་འཛུགས་ཀྱི་འདེམ་བསྐོའི་བྱ་བའི་སྲོལ་ཡིག་ལག་བསྟར་བྱེད་པའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཤིང་། ཏང་ཨུའི་འགན་འཁྲི་གཙོ་བོ་ནན་ཏན་གྱིས་དངོས་འབེབ་དང་འཆར་འགོད་ལ་ཤུགས་སྣོན་བྱས་ཏེ་སེམས་ཞིབ་མོས་རྩ་འཛུགས་དང་བརྒྱུད་རིམ་ཧྲིལ་བོར་ལྟ་རྟོག་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་གི་བྱ་བའི་རྐང་འཛིན་པའི་གསོ་སྦྱོང་ལ་ཤུགས་སྣོན་བྱས་ནས། བྱ་བའི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས་པར་མ་ཟད། སྐུལ་འདེད་དངོས་འབེབ་ལ་ཤུགས་བསྣན་ནས་ཀྲུང་གོའི་གུང་ཁྲན་ཏང་གཞི་རིམ་རྩ་འཛུགས་ཀྱི་འདེམ་བསྐོའི་བྱ་བའི་སྲོལ་ཡིག་གི་གཏན་འཁེལ་ཡོད་ཚད་དངོས་འབེབ་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།