ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

1126169505_15933520526961n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།

ཚོང་དོན་པུའུ་དང་འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡིས་མིག་སྔའི་ཕྱི་ཕྱོགས་ཉོ་ཚོང་གི་གནས་བབ་སྙན་ཞུ་ཕུལ། ཀེ་ལན་ཧྲི་དང་ཤར་ཕྱོགས་རྒྱལ་སྤྱི། ཏུང་རོན་སྡེ་ཚོགས་སོགས་ཁེ་ལས་ཀྱི་འགན་འཁུར་བས་བརྙན་ལམ་བརྒྱུད་ནས་གཏམ་བཤད་བྱས། ལིས་ཁི་ཆང་གིས་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཀྱི་གྲོས་གཞིར་ཞིབ་འཇུག་ནན་ཏན་བྱས་ཏེ། ཁེ་ལས་དཀའ་གནད་ཅི་ཡོད་ལས་སྒྲོལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།

ལིས་ཁི་ཆང་གིས་བཤད་རྒྱུར། ད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་ཀྱིན་པ་དང་མཉམ་དུ། ཧུར་ཐག་དང་གོ་རིམ་ལྡན་པའི་སྒོ་ནས་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཟླ་བ་ཁ་ཤས་རིང་གི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བར་བྱས་ཡོད། མ་འོངས་པར་ཕྱི་ཕྱོགས་ཚོང་དོན་གྱི་ཁོར་ཡུག་སྔར་བཞིན་ཛ་དྲག་ལྡན་ལ་རྙོག་འཛིང་ཆེ་བ་ཞིག་ཡིན་པས་ངེས་པར་དུ་ཚོད་དཔག་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བ་ཡག་པོ་བསྒྲུབ་པའི་ཐད་སྟོབས་ཤུགས་ཅི་ཡོད་གཅིག་ཏུ་བསྒྲིལ་རྒྱུ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ། ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་མ་ཟད། ཕྱི་ཕྱོགས་ཉོ་ཚོང་ལས་དོན་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ལས་ཞུགས་འགན་ལེན་དང་དཔལ་འབྱོར་བརྟན་པོ་ཡོང་ཆེད་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། སྒོ་འབྱེད་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་བ་རྒྱུན་འཁྱོངས་དང་བཟོ་སྐྲུན་ལས་རིགས་ཀྱི་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་དགོས། ཞབས་ཞུའི་ལས་རིགས་སྤྱི་དང་ལྷག་པར་དུ་ཞབས་ཞུའི་ལས་རིགས་རྩེ་གྲ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་འགུག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་མུ་འབྲེལ་གྱི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་འབད་བརྩོན་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ལིའུ་ཧི། ཝང་དབྱི། ཞའོ་ཅེ། ཧི་ལིས་ཧྥུང་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།