ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཆེད་དོན་ཚན་ཆུང་གི་གྲོས་བསྡུར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚེས་ཉེར་གསུམ་ཉིན་ཆེད་དོན་ཚན་ཆུང་གི་གྲོས་བསྡུར་སྤེལ་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་། བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་བྱེད་པའི་ཡུན་རིང་རྐྱེན་སྲོལ་འཛུགས་པར་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་བསྡུར་ལ་ཞུགས། 

ཨུ་ཡོན་ཚོས་དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཚང་མས་བལྟས་ན། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་དུ་བྱས་ཏེ། ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་བཏོན། དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་སྔ་ན་མེད་པའི་གྲུབ་འབྲས་དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཁྱད་སྟོབས་མངོན་པར་མཚོན་ཡོད་པ་དང་། རྒྱལ་སྤྱིའི་དབུལ་སེལ་ལས་དོན་ཐད་ཀྲུང་གོའི་ཇུས་གཞི་འདོན་སྤེལ་བྱས་ཡོད་པར་འདོད། 

ཨུ་ཡོན་ཚོས་བལྟས་ན། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་མཇུག་བསྡུ་བའི་ལོ་ཡིན་ཞིང་། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དཀའ་ཚེགས་ཆེ་བའི་ཁར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་ཀྱང་འགྲན་རྩོད་གསར་བ་བསླངས་ཡོད་པས། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་ལྷོད་གཡེང་གཏན་ནས་བྱེད་མི་རུང་། མུ་མཐུད་དུ་ལྗོངས་གསུམ་ཁུལ་གསུམ་སོགས་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གཙོར་བཟུང་ཞིང་། འབུར་དུ་ཐོན་པའི་གནད་དོན་དང་ཉམས་ཞན་གྱི་ལས་རིམ་ལ་དམིགས་ནས་སྲིད་ཇུས་དངོས་འབེབ་བྱེད་པར་དམ་འཛིན་བྱེད་པ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་དང་སྡེ་བར་བྱང་བུ་བཀལ་ནས་ལྟ་རྟོག་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་མཇུག་མཐའི་བྱ་བ་བཟང་བོར་བསྒྲུབ་དགོས། ཧུར་ཐག་སྒོས་རིམས་ནད་ཀྱི་རྐྱེན་ངན་སེལ་བ་དང་དབུལ་ཕོངས་ཀྱི་ངལ་རྩོལ་པའི་ལས་ཞུགས་ལ་ཐོག་མར་རྒྱབ་སྐྱོར་བྱེད་པ་དང་། དབུལ་སྐྱོར་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ། དབུལ་སྐྱོར་ཐོན་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་པ། དབུལ་སྐྱོར་ལས་གཞི་སླར་གསོའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་ཕོངས་སུ་གྱུར་བའི་མང་ཚོགས་ཀྱི་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས། དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་དང་རང་རྟོགས། གསར་གཏོད་བཅས་སྐུལ་སློང་བྱས་ཤིང་། དབུལ་སྐྱོར་དང་རིག་སྐྱོར་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་སྒོས་དབུལ་ཐར་ལ་རྒྱུན་མཐུད་རང་བཞིན་ལྡན་པའི་ནང་གི་སྒུལ་ཤུགས་ལྡན་པར་བྱེད་དགོས། ལས་ཞུགས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར། ཡུལ་གཞན་གནས་སྤོར་གྱི་དབུལ་སྐྱོར་བཅས་ཀྱི་རྗེས་མཐུད་དབུལ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པའི་ཚད་འཇལ་དབུལ་སྐྱོར་རྐྱེན་སྲོལ་མྱུར་དུ་བཙུགས་ནས། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་ཉེན་ཡོད་པའི་མང་ཚོགས་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་ཐབས་སྤྱོད་དགོས་པར་འདོད། 

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ཆེད་དོན་ཚན་ཆུང་གྲོས་བསྡུར་གྱི་ཡན་ལག་ཚོགས་ར་རེ་འགར་ཐོག་དང་པོར་མཉམ་འགུལ་གྲོས་མོལ་གྱི་རྣམ་པ་སྤྱད་ཡོད། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་པ་དང་། ཀོང་ཞི་དང་ཁྲུང་ཆིན། སི་ཁྲོན། ཀན་སུའུ་སོགས་ས་གནས་སྲིད་གྲོས་ལས་ཁུངས་དང་དབུལ་སྐྱོར་ལས་ཡུལ་དང་པོར་ཡན་ལག་ཚོགས་ར་དང་སྐུད་འབྲེལ་བྱེད་ས་བཀོད་སྒྲིག་བྱས་ཡོད། རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཀྱི་ཨུ་ཡོན་དང་གཞི་རིམ་འཐུས་མི་སྐོར་ཞིག་གིས་བརྙན་རིས་སྐུད་འབྲེལ་གཏམ་བཤད་སྤེལ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཞིང་ལས་ཞིང་སྡེ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་སོགས་སྡེ་ཁག་གི་འགན་ཁུར་བས་བརྗེ་རེས་བྱས། 

ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་སྐོར་ཞིག་གིས་ས་གནས་ཡན་ལག་ཚོགས་ར་ནས་ཚན་ཆུང་གི་གྲོས་བསྡུར་སྤེལ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།