ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གྲོས་མོལ་ཚོགས་འདུའི་དམིགས་བསལ་གྲོས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གྲོས་མོལ་ཚོགས་འདུའི་དམིགས་བསལ་གྲོས་ཚོགས་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གྲོས་མོལ་ཚོགས་འདུའི་དམིགས་བསལ་གྲོས་ཚོགས་བསྡུ་བའི་སྐབས་སུ། བདག་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚབ་བྱས་ཤིང་རང་ཉིད་ཀྱི་མིང་ཐོག་ནས་གྲོས་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་ཨ་རབ་རྒྱལ་ཁབ་སྲིད་ཏང་གི་འགོ་ཁྲིད་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་བར་གྱི་མཛའ་བཤེས་ལོ་རྒྱུས་རིང་ཞིང་འཕེལ་རྒྱས་གསར་བ་བྱུང་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་མི་རིགས་ཆེན་མོ་གཉིས་གནའ་བོའི་དར་གོས་ཚོང་ལམ་སྟེང་གྲོགས་པོར་གྱུར་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་སྐབས་ཕན་ཚུན་རོགས་རེས་བྱས་ཏེ། མཉམ་དུ་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད། གློ་བུར་དུ་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་མདུན་ནས། ཀྲུང་གོ་དང་ཨ་རབ་ཀྱིས་ཕན་ཚུན་རོགས་རམ་དང་དཀའ་ཁག་མཉམ་དུ་ཁྱད་བསལ་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་པའི་རྣམ་པ་གསར་བ་བསྐྲུན་ཡོད། མཉམ་དུ་རིམས་ནད་འགོག་རྒོལ་བྱས་པ་བརྒྱུད། ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་བ་དང་། མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་སོང་ཡོད་ལ། མཉམ་ལས་ཀྱི་མདུན་ལྗོངས་སྔར་ལས་འོད་སྟོང་ལྡན་པར་གྱུར་ཡོད་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་ལས་མིའི་རིགས་ནི་དཀའ་སྡུག་མཉམ་མྱོང་བྱེད་པའི་ལས་སྐལ་ཐུན་མོང་ཚོགས་པ་ཡིན་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་། ནུས་པ་ཅི་ཡོད་ཀྱིས་ཚེ་སྲོག་བསྐྱབས་ནས་རིམས་ནད་འགོག་བཅོས་ཐད་ནས་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་མངོན་གསལ། འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། རང་ནུས་ཅི་ལྕོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་འགོག་འཐབ་རྩོད་ལ་རམ་འདེགས་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དག་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཐུན་སྒྲིལ་མཉམ་ལས་རྒྱ་བསྐྱེད་དེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་སྲིད་ཏང་གི་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཨ་རབ་རྒྱལ་ཁབ་སྲིད་ཏང་གི་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན། རིམས་ནད་ལས་བྱུང་བའི་གནས་བབ་གསར་བ་དང་འགྲན་རྩོད་གསར་བའི་མདུན་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཨ་རབ་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཀྲུང་གོ་དང་ཨ་རབ་སྲིད་ཏང་གི་གྲོས་མོལ་ཚོགས་འདུའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མུ་མཐུད་དུ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། རིམས་ནད་འགོག་བཅོས་ཀྱི་རྒྱུན་རྣམ་ཅན་གྱི་གནས་བབ་འོག་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ཤིང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་ཨ་རབ་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པ་དང་། ཀྲུང་གོ་དང་ཨ་རབ་མི་རིགས་ཆེན་མོ་གཉིས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར། ཁོང་གིས་གྲོས་ཚོགས་བདེ་བླག་ངང་ཚོགས་པར་སྨོན་འདུན་བཟང་བོ་ཞུས། 

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གྲོས་མོལ་ཚོགས་འདུའི་དམིགས་བསལ་གྲོས་ཚོགས་ནི་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཚོགས་ཡུན་ཉིན་གསུམ་ཡིན་ལ། བརྗོད་སྙིང་ནི་ལག་རྡང་སྦྲེལ་ནས་དུས་རབས་གསར་བའི་ཀྲུང་གོ་དང་ཨ་རབ་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་ཅེས་པ་དེ་རེད། མའོ་ལི་ཐཱ་ནི་ཡཱའི་ཙུང་ཐུང་ཙུའུ་ཝ་ནེ་དང་ཕཱ་ལེ་སི་ཐན་གྱི་ཧྥ་ཐཱ་ཧིའི་ཀྲུའུ་ཞི། ཙུང་ཐུང་ཨ་པཱ་སི། སི་རི་ཡཱའི་བསྐྱར་དར་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། ཙུང་ཐུང་པཱ་ཧྲ་ཨར། མའོ་ལོ་ཀིའི་དྲང་བདེན་དང་འཕེལ་རྒྱས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། དབུ་བཞུགས་བློན་ཆེན་ཨོ་སི་མན་ནེ་བཅས་ཨ་རབ་རྒྱལ་ཁབ་དྲུག་གི་མགོ་ཁྲིད་པས་གྲོས་ཚོགས་ནས་ཞུ་ཚིག་ཕུལ། ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་མགོ་ཁྲིད་པ་དྲུག་ཅུ་ལྷག་གྲོས་ཚོགས་ལ་ཞུགས་ཡོད། ཨ་རབ་ཕྱོགས་ཀྱི་མགོ་ཁྲིད་པས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཨ་རབ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ཀྱི་གདེང་འཇོག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རིམས་འགོག་འཐབ་རྩོད་ཁྲོད་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་རུ་བཀུར་བའི་སྲིད་འཛིན་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ནམ་རྒྱུན་ཨ་རབ་རྒྱལ་ཁབ་དག་གི་བདག་དབང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བལྟས་ན་ཞང་ཀང་དང་ཞིན་ཅང་སོགས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས། ཀྲུང་གོའི་གུང་ཁྲན་ཏང་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། དུས་རབས་གསར་བའི་ཨ་རབ་དང་ཀྲུང་གོའི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།