ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས20ཉིན་གྱི་དགོང་མོའི་ཆུ་ཚོད12ཐོག མྱུར་ཚད་དཀྱུས་མའི་མེ་འཁོར་གྱི་གློག་རྡུལ་སྤ་སེའི་མ་ལག་ཧྲིལ་པོ་ཐེངས་གཅིག་ལ་བརྗེ་ཐུབ་པ་དེ་ཐོག་ནས། མྱུར་ཚད་དཀྱུས་མའི་མེ་འཁོར་གྱི་གློག་རྡུལ་སྤ་སེ་བདེ་བླག་ངང་ལག་བསྟར་ཐུབ་པ་མཚོན་ཞིང་། པེ་ཅིང་ནས་ཀོང་ཀྲོའུ་བར་དང་། པེ་ཅིང་ནས་ཧྲང་ཧའེ་བར། པེ་ཅིང་ནས་ཅིའུ་ལུང་བར། ལན་ཀྲོའུ་ནས་ལེན་ཡུན་ཀང་བར་སོགས་ཀྱི་མྱུར་ཚད་དཀྱུས་མའི་ལྕགས་ལམ་ལམ་དྲའི་མ་ལམ་དང་སྐྱེལ་འདྲེན་མང་བའི་ལམ་ཐིག་ཁྱབ་པ་དང་ཁྱོན་བབས་ཚུགས1300ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད། ད་ཐེངས་ལག་བསྟར་དང་ཁྱབ་སྤེལ་བྱས་རྗེས། རྒྱལ་ཡོངས་ཀྱི་མེ་འཁོར་བབས་ཚུགས2400ལྷག་ཙམ་གྱིས་གློག་རྡུལ་སྤ་སེ་བེད་སྤྱོད་བྱས་པ་དེས་མེ་འཁོར་ནང་སྡོད་མཁན་མི་ཚོགས་ཀྱི95%ཡན་ལ་ཁྱབ་རྒྱུ་ཡིན་པ་རེད།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་འབྲེལ་ཡོད་འགན་འཁུར་བས། ཚེས20ཉིན་གྱི་ཆུ་ཚོད0ནས12བར། མྱུར་ཚད་དཀྱུས་མའི་མེ་འཁོར་གྱི་གློག་རྡུལ་སྤ་སེ619937བཙོངས་ཟིན་པ་དང་། མྱུར་ཚད་དཀྱུས་མའི་མེ་འཁོར་གྱི་གློག་རྡུལ་སྤ་སེ་ཉོ་མཁན་འགྲུལ་པ293419ཟིན་པ་དང་། གློག་རྡུལ་སྤ་སེའི་སྒྲིག་ཆས་ཁག་འཁོར་སྐྱོད་རྒྱུན་གཏན་ཐུབ་ནས་འགྲུལ་པར་མྱོང་ཚོར་ཡག་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འགན་འཁུར་བ་དེས། གློག་རྡུལ་སྤ་སེ2018ལོའི་ཟླ་བཅུ་གཅིག་པ་ནས་བཟུང་ཧའེ་ནན་གྱི་གླིང་སྐོར་མྱུར་བགྲོད་ལྕགས་ལམ་ཐོག་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། 2019ལོའི་ཟླ་བདུན་པར་ཧྲང་ཧའེ་ནས་ནན་ཅིང་བར་དང་། ཁྲེང་ཏུའུ་ནས་ཁྲུང་ཆིང་བར། ཀོང་ཀྲོའུ་ནས་ཀྲུའུ་ཧའེ(ཀྲན་ཅང་ནུབ)བར། ཁུན་མིང་ནས་ཏཱ་ལི་དང་དེ་ནས་ལིས་ཅང་བར་བཅས་ཀྱི་མྱུར་བགྲོད་མེ་འཁོར་དང་གྲོང་ཁྱེར་དབར་གྱི་མྱུར་བགྲོད་ལྕགས་ལམ་ཚོད་ལྟ་ཁུལ་ཁག་བཞི་རྒྱ་ཆེར་བཏང་བ་དང་། 2019ལོའི་དུས་ཚིགས་བཞི་པར་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དང་གྲོང་ཁྱེར་དབར་གྱི་ལམ་ཐིག་ཁག་ཏུ་རྒྱ་ཁྱབ་དང་ལག་བསྟར་བྱས་པ་དང་འབྲེལ་2020ལོའི་ཟླ4བའི་ཚེས29ཉིན་ནང་སའི་མྱུར་བགྲོད་ལྕགས་ལམ་དང་གྲོང་ཁྱེར་དབར་གྱི་མེ་འཁོར་ཚང་མར་གློག་རྡུལ་སྤ་སེ་ཁྱབ་ཡོད་པ་རེད། གློག་རྡུལ་སྤ་སེ་ཁྱབ་སྤེལ་གཏོང་བར་དཔྱིད་གསར་སྐྱེལ་འདྲེན་དང་དབྱར་ཁའི་གུང་གསེང་རིང་གི་སློབ་མ་སྐྱེལ་བསུ་སོགས་དུས་སྐབས་མི་འདྲ་བ་དང་། ལམ་ཐིག་མི་འདྲ་བ། ས་ཁོངས་མི་འདྲ་བ་སོགས་ཀྱི་ཉམས་སད་ཐེག་ཐུབ་ནས། མ་ལག་འཁོར་སྐྱོད་བརྟན་ཞིང་བདེ་འཇགས་ཡོད་པ་དང་འགྲུལ་པར་མྱོང་ཚོར་ཡག་པོ་བྱུང་ནས། ལག་རྩལ་གསོག་ཉར་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཏེ། མྱུར་ཚད་དཀྱུས་མའི་མེ་འཁོར་ཐོག་ལག་བསྟར་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འགན་འཁུར་བ་དེས། མྱུར་བགྲོད་ལྕགས་ལམ་གྱི་གློག་རྡུལ་སྤ་སེ་ལག་བསྟར་གྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཐོག ལྕགས་ལམ་སྡེ་ཚན་གྱིས་མྱུར་ཚད་དཀྱུས་མའི་མེ་འཁོར་གྱི་གློག་རྡུལ་སྤ་སེ་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་ནས་ཇུས་གཞི་བཟོ་བ་དང་། མཉེན་ཆས་ཞིབ་སྤེལ། སྒྲིག་ཆས་སྙོམས་སྒྲིག དྲ་རྒྱ་སྟོབས་ཆེར་གཏོང་བ། སྒྲིག་སྲོལ་བཟོ་བ། མི་སྣ་གསོ་སྦྱོང་སོགས་གྲ་སྒྲིག་ལས་དོན་རབ་དང་རིམ་པ་སྤེལ་ཅིང་། ཟླ་བ3རིང་གྲ་སྒྲིག་བྱས་པ་བརྒྱུད། ཟླ6པའི་ཚེས20ཉིན་གྱི་དགོང་མོའི་ཆུ་ཚོད12ཐོག མྱུར་ཚད་དཀྱུས་མའི་མེ་འཁོར་གྱི་གློག་རྡུལ་སྤ་སེ་མ་ལག་ཧྲིལ་པོ་གྲུབ་འབྲས་ཐོབ་པའི་ངང་ཐེངས་གཅིག་ལ་བརྗེ་ཐུབ་ཡོད་པ་རེད། །