ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་ཚོགས་འགོ་བརྩམས། ཚོགས་ཐོག་ནས“སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་དམིགས་ནས་བལྟོས་བཅས་ཀྱི་དབུལ་པོའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུ་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་སྙན་ཞུ་ཡང་ཕུལ་བར་མ་ཟད། ཡུལ་དངོས་ནས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་གཞིར་གསན། ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ་དང་། སྐུ་ངོ་མས་སྐུལ་འདེད་གནང་བའི་འོག་ཏུ། དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དམིགས་ཚད་དང་ལས་འགན་གཙོ་བོ་ཚང་མ་ལེགས་འགྲུབ་འབྱུང་ལ་ཉེ་མོད། འོན་ཀྱང་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ན་སྔར་བཞིན་དཀའ་ངལ་དང་འགྲན་སློང་ཅི་རིགས་ལ་ཁ་གཏད་གཅོག་དགོས། ངེས་པར་དུ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དཀའ་ངལ་ཁྱད་སེལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཡོངས་འགྲུབ་བྱས་ཏེ། ས་ཁུལ་དབུལ་པོ་ཚང་མ་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འབུད་དང་མི་འབོར་དབུལ་པོ་ཚང་མ་དབུལ་ཐར་ཐུབ་པར་འགན་ལེན་བྱེད་དགོས། “འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ལ་ཞིབ་བཤེར་ཆད་གསབ་ནན་ཏན་བྱས་ནས་ལྟ་སྐུལ་ཞིབ་བཤེར་དང་ཡོངས་ཁྱབ་ཞིབ་བཤེར། དཔྱད་ཞིབ་བཅས་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསལ་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དབུལ་པོའི་ངལ་ནུས་ལས་གནས་བརྟན་པོ་ཡོང་རྒྱུར་རོགས་རམ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་དམ་ཚགས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། དབུལ་ཞྭ་ཕུད་པའི་ས་ཁུལ་ཕྱོགས་ཡོངས་ནས་དབུལ་ཐར་བྱ་རྒྱུ་ནས་ཕྱོགས་ཡོངས་ནས་དར་རྒྱས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལིས་ཀྱིས་ཚོགས་འདུ་འགོ་རྩོམ་པའི་མཛད་སྒོར་འགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་དུས་ཡུན་རིང་པོར་དབུལ་ཐར་མཁྲེགས་གཏོར་གྱི་ལས་ཀར་དོ་ཁུར་གང་ལེགས་བྱས་པ་དང་། ལོ་ལྔ་ལ་བསྟུད་མར་འབྲེལ་ཡོད་གྲོས་གཞིར་དམིགས་ནས་ཇུས་འདོན་སྲིད་དོན་སྐྱོང་རོགས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཀྱི་ཐད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་རང་འགན་གཙང་སྒྲུབ་ནན་ཏན་བྱས་པ་དང་། གྲོས་མོལ་སྲིད་གླེང་ཧུར་ཐག་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱ་ཆེད་ཇུས་ཤུགས་མཉམ་འདོན་དང་སེམས་ནུས་གཅིག་སྒྲིལ་ཡོང་བར་འགན་ལེན་བྱེད་དགོས་ཟེར།

ཁྲིན་ལེ་དང་ཏ་ཅིའུ་མུའུ་ཅ། མོ་ཁྲང་དབྱིན། ཞེ་རུའུ། ཀྲང་མའོ། རའོ་ཙི་ཧོ། ཀྲོའུ་མུའུ་པིན། ཀུའུ་ཀྲེན་ཁྲུན་བཅས་རྒྱུན་ལས་ཨུ་ཡོན་བརྒྱད་ཀྱིས་ཚོགས་ཐོག་ནས་གཏམ་བཤད་གནང་བར་མ་ཟད། དེ་བསྟུན་གྱི་བསམ་འཆར་དང་གྲོས་འགོ་བཏོན།

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནི་ཡུལ་དངོས་ཀྱི་གྲོས་ཚོགས་དང་བརྙན་ལམ་གྱི་གྲོས་ཚོགས་ཟུང་འབྲེལ་བྱེད་ཐབས་སྤྱད་དེ་བསྡུས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།