ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ལྷན་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་གཉིས་པར་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་གཉིས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨིན་གཉིས་དང་མཉམ་དུ་བརྙན་ལམ་ནས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་གཉིས་པར་འགོ་འཛིན་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན། ཕྱོགས་གཉིས་ཀྱི་མཉམ་ལས་དེ་འགྲན་རྩོད་ལས་ཆེ་བ་དང་ཐུན་མོང་གི་ངོས་འཛིན་དེ་འགལ་བ་ལས་མང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་ཚོ་དང་བརྙན་ལམ་ཐོག་ནས་མཇལ་འཛོམས་གནང་བ་རེད། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་སོང་རིང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བས་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་པ་མ་ཟད། འཛམ་གླིང་ལ་བརྟན་འཇགས་རང་བཞིན་དེ་བས་མང་བ་བསྣན་ཡོད། ཕྱོགས་གཉིས་པོས་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་ཡག་པོ་འཛིན་དགོས། ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱས་ཏེ། འབྲེལ་འདྲིས་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་བ་བརྒྱུད་དེ། གཉིས་ཕན་གཉིས་རྒྱལ་ཡོང་བ་བྱས་ཏེ་ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་དར་རྒྱས་ལ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་ཡིན། པྲོག་དབྱིབས་གློ་ཚད་རིམས་ནད་ཀྱི་གནོད་པའི་མདུན་དུ། ཕྱོགས་གཉིས་ཀས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས། ལོ་འདིའི་ནང་ཀྲུང་གོ་དང་ཡོ་རོབ་ཀྱི་དངུལ་གཏོང་གྲོས་ཆོད་ཀྱི་གྲོས་མོལ་ལེགས་འགྲུབ་ཡོང་བ་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་གྲོས་ཆོད་ལ་སྔ་མོ་ནས་མིང་རྟགས་འགོད་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་གཞོལ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཚོང་དོན་དང་དངུལ་གཏོང་ཁྲོམ་རའི་སྒོ་དབྱེ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོར་ཕྱིར་གཏོང་ཚོད་འཛིན་ཇེ་ལྷོད་དུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀས་ཕན་ཚུན་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་ཡིན་ན་གཉིས་ཕན་གཉིས་རྒྱལ་དེ་བས་ལེགས་པ་ཡོང་ཐུབ། ང་ཚོས་ཡོ་རོབ་ཕྱོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྱུར་བཅོས་སོགས་ཀྱི་གནད་དོན་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཕྱོགས་མང་འཕེལ་རིམ་ལ་དགེ་མཚན་ལྡན་པའི་ངང་ཞུགས་པ་དང་། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཉམ་དུ་འབད་བརྩོན་བྱས་ཏེ་སྔ་མོ་ནས་ནད་ཡམས་ལས་རྣམ་པར་རྒྱལ་བར་བྱེད་རྒྱུ་ཡིན་ཟེར།

    སྨི་ཞེར་དང་ཧྥིན་ཏི་ལའེ་ཨིན་གྱིས་བསྟན་དོན། རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་ཡོ་རོབ་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཐུན་སྒྲིལ་གྱིས་རིམས་ནད་བཀག་པ་རེད། རིམས་ནད་ཀྱིས་རྒྱལ་ཁབ་ཁག་ལ་གནོད་པ་བཟོས་མོད། འོན་ཀྱང་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ཀྱི་འདུན་པ་ཇེ་ཆུང་དུ་ཕྱིན་མེད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་སླར་གསོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱས་ནས་ཁྲོམ་རའི་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་རུ་གཏོང་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྱུར་བཅོས་དང་ནམ་ཟླའི་འགྱུར་ལྡོག་གི་གནད་དོན་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་དགོས་ཟེར།

    ཝང་དབྱི་དང་ཧི་ལིས་ཧྥིང་སོགས་ཐེངས་འདིའི་མཇལ་འཛོམས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།