ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བ་པེ་ཅིང་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བ་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། གཞུང་ཞབས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་བྱས་པའི་ཡིག་ཚགས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བྱས་པའི་མི་དམངས་དྲག་ཆས་ཉེན་རྟོག་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་། 

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་ཏུ་ཞུགས་པའི་ཆོད་དོན་ལ་གྲོས་འཆམ་བྱུང་སྟེ། ཆིངས་ཡིག་དེར་ཞུགས་པར་ཐག་བཅད། 

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་འགོད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་བཀོད། 

གྲོས་ཚོགས་ནས་ད་རུང་འབྲེལ་ཡོད་ཀྱི་བསྐོ་འཐེན་གནད་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 

གྲོས་ཚོགས་ཀྱིས་འབྲེལ་ཡོད་བརྡས་གཅོད་བྱ་བ་ཡོངས་འགྲུབ་བྱས་རྗེས་ལེ་ཀྲན་ཧྲུའུ་ཡིས་གཏམ་བཤད་སྤེལ། 

ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་བསྡོམས་པས་བཅའ་ཁྲིམས་འཆར་ཟིན་དྲུག་ལ་གྲོས་ཞིབ་བྱས་ཏེ་འཆར་ཟིན་གསུམ་ལ་གྲོས་འཆམ་བྱུང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ལག་ལེན་མཐར་ཕྱིན་བྱས་ནས། གྲོས་ཚོགས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་ཐོག་མར་གྲོས་ཞིབ་བྱས། རྒྱལ་ཁབ་ཀྱི་རིམ་པ་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཞང་ཀང་གི་དུས་ཡུན་རིང་བོའི་དར་རྒྱས་དང་གཏན་འཇགས་ལ་ཁག་ཐེག་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གཏན་འཇགས་འཕེལ་རྒྱས་ཡོང་བའི་རྩ་བའི་བཅོས་སྐྱོང་གི་ཐབས་ཇུས་ཤིག་ཡིན་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ཏེ་བཏོན་པའི་བཟོ་བཅོས་བསམ་འཆར་གཞིར་བཟུང་སྟེ། བཅའ་ཁྲིམས་དེར་བཟོ་བཅོས་གང་ལེགས་བྱས་ནས་འཐུས་ཚང་དུ་གཏོང་དགོས། 

ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། གྲོས་ཚོགས་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་གཞུང་ཞབས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་ཀྱིས་ལས་གནས་ཀྱི་ཁྲིམས་འགལ་ནག་ཉེས་ལ་སྔོན་འགོག་དང་ཆད་གཅོད་བྱེད་པའི་བཅའ་ཁྲིམས་དྲ་བ་ཞིབ་ཚགས་སུ་བྱས་ཡོད་པ་དང་། ཏང་གིས་གཅིག་གྱུར་མགོ་ཁྲིད་བྱེད་པ་དང་ཕྱོགས་ཡོངས་ལ་ཁེབས་པ། དབང་གྲགས་ནུས་མཐོའི་ལྟ་རྟོག་མ་ལག་འཛུགས་པར་ཕན་ཐོགས་ཡོད། གྲོས་ཞིབ་བྱས་ཏེ་མི་དམངས་དྲག་ཆས་ཉེན་རྟོག་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དེ་ཏང་གིས་དྲག་ཆས་སྟོབས་ཤུགས་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཡིག་ཚགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱིས་ཡིག་ཚགས་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རང་རྒྱལ་གྱི་ཡིག་ཚགས་ལས་དོན་གྱི་དེང་རབས་ཅན་ལ་སྲ་བརྟན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཡོད། 

ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། ནོར་སྲིད་སྲིད་ཇུས་དང་ནོར་སྲིད་བྱ་བས་ཤུགས་ཆེན་པོས་གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། རྩིས་བཤེར་བྱ་བས་སྲིད་ཇུས་བྱེད་ཐབས་གལ་ཆེན་དངོས་འབེབ་བྱས་པའི་གནས་ཚུལ་གྱི་རྗེས་འདེད་རྩིས་བཤེར་ལ་ཤུགས་སྣོན་དགོས། 

ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་། ཁྲིམས་འཛུགས་བྱ་བའི་ལས་འགན་ལྗིད་པ་དང་གོམ་སྟབས་མྱུར་བ། རེ་བ་མཐོ་བ་བཅས་རྒྱུན་རྣམ་དུ་གྱུར་ཡོད། དུས་རབས་གསར་བར་བཏོན་པའི་བརྗོད་སྙིང་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བ་བཅས་ལ་དམ་པོར་དམིགས་ཏེ། ཚད་མཐོན་པོའི་འགན་འཁྲིའི་འདུ་ཤེས་ཀྱིས་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྐྱོང་རྩ་བ་བརྟན་པ་དང་རྒྱང་རིང་ལ་ཕན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། 

གྲོས་ཚོགས་མཇུག་སྒྲིལ་བའི་རྗེས་སུ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བདུན་པ་སྤེལ་བ་དང་། ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་སློབ་གཙོ་མཱ་ཧོའེ་ཏི་ཡིས་ཁ་ཡིག་ལ་རང་རྒྱལ་གྱི་སྲིད་འཛིན་བཅའ་ཁྲིམས་ལམ་ལུགས་ཞེས་པའི་འཆད་ཁྲིད་སྤེལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།