ཀྲུང་དབྱང་ནོར་སྲིད་ཀྱི2020ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་མུ་མཐུད་ས་ཁུལ་དབུལ་པོར་ཕྱོགས་རྒྱུ་ཡིན་པ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་1695.9སྤྲད་པ་དང་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ལོ་རེའི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སློབ་ཆུང་ལ་སྒོར་600དང་དམའ་རིམ་སློབ་འབྲིང་ལ་སྒོར་800ནས་སློབ་ཆུང་ལ་སྒོར་650དང་དམའ་རིམ་སློབ་འབྲིང་ལ་སྒོར་850བར་སློབ་གྲྭའི་དགུན་ཁའི་དྲོད་ལེན་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

“ཡུལ་མི་ལས་ཞུགས་འགན་ལེན”གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ལོ་གོང་མར་མི་གྲངས་ཁྲི་1མང་དུ་བཏང་བའི་རྨང་གཞིའི་ཐོག་དམིགས་བསལ་ལས་གནས་ཀྱི་དགེ་རྒན་བསྡུ་བའི་གཞི་ཁྱོན་མི་གྲངས་5000ཡང་བསྐྱར་མང་དུ་བཏང་ནས་མི་གྲངས་ཁྲི་10.5ཟིན་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་ནོར་སྲིད་ཀྱིས2020ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་1695.9སྤྲད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་130.6འཕར་ནས་འཕར་ཚད་8.3%ཟིན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ཀྲུང་དབྱང་ནོར་སྲིད་ཀྱིས“གཞི་རྩ་འགན་ལེན་དང་། ཞན་ཆ་སེལ་བ། སྤུས་ཚད་ལེགས་གཏོང”བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། གཏོང་གྲོན་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་པ་མ་ཟད། ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་གྲོན་དངུལ་སྤྲད་པ་བརྒྱུད་ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི་དང་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་ལག་བསྟར་ཡག་པོ་བྱས་པ་རེད།

2020ལོར། ཁ་གསབ་གྲོན་དངུལ་སྤྲོད་རྒྱུ་དེ་ལྷུ་ཚིགས་ཉམས་ཞན་དང་ས་ཁུལ་དབུལ་པོར་སྔར་བས་ཕྱོགས་ནས་ས་གནས་ཁག་གིས་འོས་འགན་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ལེགས་སུ་གཏོང་རྒྱུར་མུ་མཐུད་རྒྱབ་སྐྱོར་གྱིས་གྲོང་ཁྱེར་དང་གྲོང་གསེབ་དབར་དང་ས་ཁོངས་དང་ས་ཁོངས་དབར་གྱི་ཧེ་བག་ཆུང་དུ་བཏང་ནས། སློབ་གསོའི་ཁྱབ་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ། གཅིག་ནས་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་གྱི་རྩ་བའི་ཚད་གཞིའི་བཅད་གྲངས་གཅིག་གྱུར་བྱ་རྒྱུ། དཔྱིད་ཀའི་སློབ་དུས་ནས་བཟུང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ལོ་རེའི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སློབ་ཆུང་ལ་སྒོར་600དང་དམའ་འབྲིང་ལ་སྒོར་800ནས་སློབ་ཆུང་ལ་སྒོར་650དང་དམའ་འབྲིང་ལ་སྒོར་850བར་མཐོ་རུ་བཏང་ནས་ཤར་རྒྱུད་ས་ཁུལ་དང་མཉམ་པར་བྱ་རྒྱུ་དང་། དེའི་རྨང་གཞིའི་ཐོག“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭ་ཁག་གི་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། དགུན་ཁའི་སློབ་གྲྭའི་དྲོད་ལེན་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གཉིས་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི་ལག་བསྟར་ཡག་པོ་བྱ་རྒྱུ། “ཡུལ་མི་ལས་ཞུགས་འགན་ལེན”གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ལོ་གོང་མར་མི་གྲངས་ཁྲི་1མང་དུ་བཏང་བའི་རྨང་གཞིའི་ཐོག་དམིགས་བསལ་ལས་གནས་ཀྱི་དགེ་རྒན་བསྡུ་བའི་གཞི་ཁྱོན་མི་གྲངས་5000ཡང་བསྐྱར་མང་དུ་བཏང་ནས་མི་གྲངས་ཁྲི་10.5ཟིན་པར་བྱས་ཏེ། ས་ཁུལ་དབུལ་པོ་དང་ཏོག་གསར་གློ་ཚད་རིམས་ནད་ཚབས་ཆེའི་ཁུལ་གྱི་གྲོང་ཚོའི་སློབ་ཆུང་དང་སློབ་ཁྲིད་ས་ཚུགས་ཀྱི་དགེ་རྒན་དགོས་མཁོ་སྔོན་ལ་སྐོང་རྒྱུ་མ་ཟད། ད་དུང་སྐྱེ་ཁུངས་ཧུའུ་པེ་ཡིན་པའམ་ཡང་ན་ཧུའུ་པེའི་མཐོ་སློབ་ཁག་གི་སློབ་ཐོན་སློབ་མར་ཕྱོགས་རྒྱུ། གསུམ་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུ། རྒྱལ་ཁབ་ཀྱི་ཚོད་ལྟའི་ས་ཁུལ་ཁག་ལ་མཁོ་བའི་མ་དངུལ་ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་གཏོང་རྒྱུ། ས་གནས་ཁག་གི་ཚོད་ལྟའི་ས་ཁུལ་ལ་བྱ་དགའ་དང་ཁ་གསབ་སྤྲོད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་ས་གནས་ཀྱི་ཚོད་ལྟའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་སྒོར་4ལོན་པའི་ཞིང་ཆེན་ཁག་ལ་སློབ་མ་རེར་ཆ་སྙོམས་སྒོར་3རེའི་བཅད་གྲངས་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ། བཞི་ནས་གྲོང་གསེབ་སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ས་གནས་ཁག་གིས་འཛིན་གྲྭ་ཆེ་མོ་མེད་པར་བཟོ་བའི་ཐད་སྤྱི་འདོམས་བྱས་ནས་སྤྱོད་རྒྱུར་རྒྱབ་སྐྱོར་གྱིས་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭའི་ཞན་ཆ་གཞི་རྩའི་ཆ་ནས་གསབ་རྒྱུ། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ནོར་སྲིད་པུས་སློབ་གསོ་པུའུ་དང་མཉམ་དུ་ཞིང་ཆེན་རིམ་པའི་སློབ་གསོ་དང་ནོར་སྲིད་སྡེ་ཚན་ལ་སྤྱི་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་འདེད་ཀྱིས་ས་གནས་ཁག་གིས་འོས་འགན་སློབ་གསོ་འགན་ལེན་བྱེད་པའི་འགག་སྒྲོལ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱ་རྒྱུ། ངེས་གཏན་འཁེལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ད་ཆ་ལག་བསྟར་བྱེད་བཞིན་པའི་དབུལ་སྐྱོར་ཚད་གཞི་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་གནད་སྨིན་ཇུས་བསྟར་བྱས་ནས“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་མིང་སྦྱར་ནས་ལྟ་སྐུལ་བྱ་རྒྱུའི་རྫོང་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་ཕྱོགས་གང་ཐུབ་བྱ་རྒྱུ་བཅས་ཡིན་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།