ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་སོ་བདུན་པ་ཚེས་བཅུ་དགུ་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་ནན་གྱིས་བསྟན་དོན། ཟས་རིགས་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འབྲེལ་བ་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟས་རིགས་བདེ་འཇགས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། མི་དམངས་གཙོར་བྱེད་པ་དང་གནད་དོན་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཤིང་། ཕྱི་འཚོང་ཟས་རིགས་ཀྱི་ལྟ་རྟོག་དོ་དམ་བྱེད་ཐབས་གསར་གཏོད་དང་ཕྱི་འཚོང་བཟའ་བཏུང་ལས་རིགས་ཀྱི་འཕེལ་རྒྱས་བཟང་བོར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཁ་ཟས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན། 

ཨུ་ཡོན་དང་ཆེད་ཞུས་འཐུས་མི་བཅུ་གཉིས་ཀྱིས་ཕྱི་འཚོང་ཟས་རིགས་བདེ་འཇགས་ཀྱི་ཁྲིམས་སྐྱོང་འགན་སྲུང་དང་ཚད་ལྡན་འཛུགས་སྐྲུན། ལག་རྩལ་གཞོགས་འདེགས། མཉམ་བཅོས་མཉམ་སྤྱོད་སོགས་ཀྱི་ཐད་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་དྲུག་ཅུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་ལས་འགན་ལག་བསྟར་གྱི་སྟེགས་བུའི་སྟེང་བསམ་འཆར་སྤེལ། 

ཨུ་ཡོན་དག་གིས་ཕྱི་འཚོང་བཟའ་བཏུང་ནི་གསར་བྱུང་གི་ལས་དོན་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་མིག་རྒྱང་གིས་འབྲེལ་ཡོད་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས། བཟོད་སྒོམ་དཔྱད་ཞིབ་ཀྱི་ལྟ་རྟོག་དོ་དམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་སྲུང་བ་དང་འདྲ་མཉམ་འགྲན་རྩོད་ལ་འགན་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག ཕྱི་འཚོང་བཟའ་བཏུང་དེ་འཕེལ་རྒྱས་ཁྲོད་ཚད་ལྡན་དུ་གཏོང་བ་དང་ཚད་ལྡན་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། དེ་མིན་རྒྱལ་ཡོངས་ཟས་རིགས་ཐོན་སྐྱེད་ཚོང་གཉེར་གྱི་ཆོག་མཆན་ཆ་འཕྲིན་མཛོད་འཛུགས་པ་དང་། ལྟ་རྟོག་དོ་དམ་སྟེགས་བུ་དང་ཕྱི་འཚོང་སྟེགས་བུ། ཚོང་བའི་སྟེགས་བུ་བཅས་དང་མཉམ་འབྲེལ་སྒོས་བརྡ་འཕྲིན་རྩད་ཞིབ་དང་རྗེས་འདེད་བྱས་ཆོག་པ་མངོན་འགྱུར་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་སྟེགས་བུའི་ཁེ་ལས་ནུས་པ་འདོན་སྤེལ་བྱས་ཤིང་། ཚོང་བའི་ཐོབ་ཐང་ཞིབ་བཤེར་དང་ཟས་རིགས་རྒྱུ་སྤུས་ལྟ་རྟོག བཟའ་བཏུང་སྐྱེལ་བ། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཐད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པར་མ་ཟད། འཛད་སྤྱོད་པའི་དཔྱད་འཇོག་དང་ཞུ་གཏུག ཁེ་དབང་སྲུང་སྐྱོབ་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱི་འཚོང་ཟས་རིགས་ཀྱི་ཉེན་སྲུང་དང་སྐྱིན་ཚབ་སྤྲོད་ལུགས་ཁྱབ་གདལ་དུ་བཏང་སྟེ། ཟས་རིགས་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་གྲོས་གཞི་བཏོན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་ཀྱིས་གཏམ་བཤད་གལ་ཆེན་སྤེལ། ཚོང་རའི་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ་ཡི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཚོང་དོན་པུའུ་དང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་ཨུ་ཡོན་དག་གིས་མཉམ་དུ་བརྗེ་རེས་བྱས། ཐེངས་འདིའི་གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་པ་དང་། ཀྲེ་ཅང་དང་ཀོང་ཏུང་དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་ལ། ཧུའུ་ནན་དུ་རྒྱང་བསྟེན་ཟུར་ཉན་ཚོགས་ར་བཀོད་སྒྲིག་བྱས་ཡོད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།