ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བརྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་རིས་གྲོས་ཚོགས་ལ་ཡིག་ཐོག་གི་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་རིས་གྲོས་ཚོགས་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་པེ་ཅིང་ནས་བདེ་བླག་ངང་སྤེལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་ཡིག་ཐོག་གི་ཞུ་ཚིག་ཕུལ། 

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིར་གློ་བུར་དུ་བྱུང་བའི་རིམས་ནད་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་གནོད་པ་ཆེན་པོ་ཐེབས་ཡོད། རྒྱལ་ཁབ་རེ་འགའ་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཐད་དཀའ་ཁག་ཆེན་པོ་བྱུང་ཡོད། རིམས་ནད་ཐག་གཅོད་བྱེད་ཆེད། རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་རང་གི་གནས་ཚུལ་ལ་རྐང་བཙུགས་ཤིང་། ནུས་ལྡན་གྱི་འགོག་སྲུང་བྱེད་ཐབས་སྤྱད་དེ་གྲུབ་འབྲས་བཟང་བོ་བླངས་ཡོད། རྒྱལ་ཁབ་མང་བོས་རིམས་ནད་འགོག་སྲུང་གང་ལེགས་བྱས་པའི་ཞོར་དུ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སླར་གསོ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད། ཀྲུང་གོ་ཡིས་མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་སྒོས་འཛམ་གླིང་ཧྲིལ་བོ་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་ལས་ང་ཚོར་གནས་ལུགས་མང་བོ་ཞིག་རྟོགས་སུ་བཅུག་ཡོད། རྒྱལ་ཁབ་སོ་སོའི་ལས་དབང་གཅིག་ཏུ་སྦྲེལ་བ་དང་། མིའི་རིགས་ནི་དཀའ་སྡུག་མཉམ་མྱོང་གི་ལས་དབང་ཐུན་མོང་ཚོགས་པ་ཡིན། རིམས་ནད་ཐག་གཅོད་བྱེད་པ་དང་དཔལ་འབྱོར་སླར་གསོ་བྱེད་པ་གང་ཡིན་ཡང་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་བགྲོད་དགོས་ལ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། གཅིག་བསྟུན་གཅིག་འབྲེལ་ལ་སྐུལ་འདེད་བཏང་ནས་སྒོ་འབྱེད་དང་བཟོད་སྒོམ་རྒྱུན་འཁྱོང་བྱེད་པ་ནི་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་དང་རྒྱང་རིང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པས། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ང་ཚོས་མཉམ་ལས་གྲོགས་པོ་དང་མཉམ་དུ་བརྒྱུད་གཅིག་ལམ་གཅིག་དེ་མཐུན་སྒྲིལ་གྱིས་འགྲན་རྩོད་ཐག་གཅོད་བྱེད་པའི་མཉམ་ལས་ཀྱི་བགྲོད་ལམ་དང་། མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བདེ་ཐང་གི་བགྲོད་ལམ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སླར་གསོ་ལ་སྐུལ་འདེད་གཏོང་བའི་བསྐྱར་སོས་ཀྱི་བགྲོད་ལམ། འཕེལ་རྒྱས་ཀྱི་སྦས་ཤུགས་འདོན་སྤེལ་བྱེད་པའི་འཕར་སྣོན་གྱི་བགྲོད་ལམ་བཅས་སུ་གསར་བསྐྲུན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཚོང་དོན་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་སྤེལ་བ་ཡིན་ཞིང་། བརྗོད་སྙིང་ནི་བརྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་དགོས་ཞེས་པ་དེ་རེད། རྒྱལ་ཁབ་ཉེར་ལྔའི་ཕྱི་འབྲེལ་བློན་ཆེན་དང་པུའུ་ཀྲང་རིམ་པའི་དཔོན་རིགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲི་ཐེ་ནཱ་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།