ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཅི་ཞིན་གྱིས་ཕུལ་བའི་གཞུང་ཞབས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་ལིག་ཅི་ཞིན་གྱིས་ཕུལ་བའི་མི་དམངས་དྲག་ཆས་ཉེན་རྟོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧུའུ་ཁི་མེན་གྱིས་ཕུལ་བའི་ཡིག་ཚགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་གྱི་དགོངས་དོན་དང་རེ་བ་ལག་བསྟར་དང་དངོས་འབེབས་བྱེད་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞི་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་མངག་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་གསལ་བཤད་བྱས།

ཁྲིམས་འཛུགས་ཀྱིས་ཞང་སྡེ་དར་སྤེལ་ཁྲོད་དུ་འགན་སྲུང་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གིས་ཞང་སྡེ་དར་སྤེལ་ཡར་སྐུལ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞི་བཏོན་པ་དང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཁྲིན་ཞི་ཝུན་གྱིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ནོར་སྲིད་པུའུ་ཀྲང་ལིག་ཁུན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་ངེས་རྩིས་སྐོར་གྱི་སྙན་ཞུ་ཕུལ་བ་དང་། རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་འགོ་གཙོ་ཧུའུ་ཙི་ཅུན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་སྐོར་གྱི་རྩིས་བཤེར་བྱ་བའི་སྙན་ཞུ་ཕུལ།

ཚོགས་ཐོག་ནས་ད་དུང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞི་ལ་གྲོས་ཞིབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།