ཀྲུང་གོ་བོད་ཀྱི་དྲ་བ།

བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཁྲིམས་བསྟན་བཅོས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཁྲིམས་ལྟར་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས16ཉིན་པར་སྐྲུན་བྱེད་པའི་བདེན་འཚོལ་དུས་དེབ་སྐབས་བཅུ་གཉིས་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམངས་ཁྲིམས་བསྟན་བཅོས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཁྲིམས་ལྟར་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ་ཡོད། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དམངས་ཁྲིམས་བསྟན་བཅོས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། རྩ་བ་སྲ་བརྟན་ཡོང་བ་དང་རྒྱང་རིང་ལ་ཕན་ཐོགས་ཡོད་པའི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན་ཞིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་དང་ཁྲིམས་ལྟར་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། རང་རྒྱལ་གྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཅས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། 

རྩོམ་ཡིག་ལས་བསྟན་དོན། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་ལོ་རྒྱུས་དུས་སྐབས་སོ་སོར། ང་ཚོའི་ཏང་གིས་དམངས་དོན་བཅའ་ཁྲིམས་ཀྱི་གཏན་འབེབ་དང་ལག་བསྟར་ལ་མཐོང་ཆེན་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་འཕེལ་རྒྱས་རེ་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལག་ལེན་དུ་བསྟར་ཆེད་དམངས་ཁྲིམས་བསྟན་བཅོས་རྩོམ་སྒྲིག་བྱེད་པ་དེ་ཉིན་རིམ་གལ་ཆེན་དུ་བཀོད། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག་ལོ་ངོ་ལྔ་ལྷག་འགོར་རྗེས་དམངས་ཁྲིམས་བསྟན་བཅོས་དེ་ཁྱབ་སྒྲོག་ལག་བསྟར་བྱས་ཏེ་མི་རབས་འགའི་སེམས་འདུན་མངོན་འགྱུར་བྱས་པ་རེད། 

རྩོམ་ཡིག་ལས་བསྟན་དོན། དམངས་ཁྲིམས་བསྟན་བཅོས་ཀྱིས་མ་ལག་ལྡན་པའི་སྒོ་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལྷག་གི་རིང་དུས་ཡུན་རིང་བོའི་ལག་ལེན་ཁྲོད་ནས་གྲུབ་པའི་དམངས་དོན་བཅའ་ཁྲིམས་སྒྲིག་སྲོལ་ལེགས་སྒྲིག་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ལྔ་ལྷག་གི་ཕུལ་བྱུང་བཅའ་ཁྲིམས་རིག་གནས་བསྡུས་ཡོད་པ་དང་། མིའི་རིགས་ཀྱི་ཁྲིམས་སྐྱོང་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་བཟང་བོ་དཔྱད་གཞིར་བཟུང་ཡོད་སྟབས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མཚོན་པ་དང་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་ལ་འཚམ་པ། དུས་རབས་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པའི་དམངས་ཁྲིམས་བསྟན་བཅོས་ཤིག་ཡིན་པ་དང་། ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས། ཉོ་ཚོང་སྟབས་བདེ། འཚོ་བ་བདེ་སྐྱིད། མི་གཤིས་ལ་རྒྱ་སོགས་ཕྱོགས་སོ་སོའི་ཁེ་དབང་འདྲ་མཉམ་སོགས་ལ་སྲུང་སྐྱོབ་བྱེད་པའི་དམངས་ཁྲིམས་བསྟན་བཅོས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་མངོན་དང་ལག་ལེན་ཁྱད་ཆོས། དུས་རབས་ཁྱད་ཆོས་བཅས་མངོན་གསལ་ལྡན་པའི་དམངས་ཁྲིམས་བསྟན་བཅོས་ཤིག་ཡིན། 

རྩོམ་ཡིག་ལས་བསྟན་དོན། དམངས་ཁྲིམས་བསྟན་བཅོས་ཀྱི་དོན་སྙིང་གལ་ཆེན་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དགོས་པ་དང་། དམངས་ཁྲིམས་བསྟན་བཅོས་ཀྱི་ཁྲིམས་བསྟར་ཁྲིམས་འཛིན་བྱ་འགུལ་ལ་ལ་ཤུགས་སྣོན་དགོས་ལ། དམངས་ཁྲིམས་བསྟན་བཅོས་ཀྱི་བཅའ་ཁྲིམས་ཁྱབ་གདལ་བྱ་བར་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན་ཡོད། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་དམངས་ཁྲིམས་བསྟན་བཅོས་ལག་བསྟར་བྱེད་པ་དང་རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་འཕེལ་རྒྱས་སུ་གཏོང་བར་གཞུང་ལུགས་ཀྱི་རྒྱབ་བརྟེན་འདོན་སྤྲོད་བྱེད་དགོས་པ་དང་། རིམ་པ་སོ་སོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་དྲིལ་སྒྲོག་དང་སྐུལ་འདེད་བཏང་སྟེ། དམངས་ཁྲིམས་བསྟན་བཅོས་ལག་བསྟར་བྱེད་པར་འགན་སྲུང་དང་། ཞིབ་བཤེར་དང་ལྟ་རྟོག་ལ་ཤུགས་སྣོན་བྱས་ནས། དམངས་ཁྲིམས་བསྟན་བཅོས་ཕྱོགས་ཡོངས་ནས་ལག་བསྟར་གང་ལེགས་བྱེད་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དམངས་ཁྲིམས་བསྟན་བཅོས་ལ་སློབ་སྦྱོང་དང་བརྩི་སྲུང་། སྲུང་སྐྱོབ་བཅས་བྱེད་པའི་མིག་དཔེ་བསྟན་ཏེ། དམངས་ཁྲིམས་བསྟན་བཅོས་བེད་སྤྱད་ནས་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། འགལ་བ་དང་རྩོད་གླེང་ཞི་འཇགས་སུ་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་དང་གཏན་འཇགས་ལ་ཡར་སྐུལ་གཏོང་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།