ཟླ5པར་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་སླར་གསོ་འབྱུང་བཞིན་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས15ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ5བའི་ནང་རང་རྒྱལ་གྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ། ཚོང་ལས་བསྐྱར་ཚུགས་དང་ཁྲོམ་ར་སླར་གསོ་བཅས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་སླར་གསོ་འབྱུང་བཞིན་ཡོད་པ་རེད།

 ཟླ5པར་ཐོན་སྐྱེད་ཐད། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཉམ་ལས4.4%འཕར་བ་དང་འཕར་ཚད་ཟླ4པ་ལས་བརྒྱ་ཆའི་གྲངས0.5ཇེ་མགྱོགས་སུ་ཕྱིན་ཡོད། དེའི་ཁྲོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་གྲས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་བྱུང་ཚད་ཅུང་མགྱོགས་པོ་རེད། ཟླ5པར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཉམ་ལས1%འཕར་བ་དང་ཟླ4པར4.5%མར་ཆག་པ་རེད།

དགོས་མཁོའི་ཐད་ཟླ5པར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་དུས་མཉམ་ལས2.8%མར་ཆག་པ་དང་མར་ཆག་ཚད་དེ་ཟླ4པ་ལས་བརྒྱ་ཆའི་གྲངས4.7ཇེ་ཉུང་དུ་ཕྱིན་ཡོད། ཟླ1ནས5པའི་བར་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དུས་མཉམ་ལས6.3%མར་ཆག་པ་དང་། མར་ཆག་ཚད་ཟླ1ནས4པའི་བར་བརྒྱ་ཆའི་གྲངས4ཇེ་ཉུང་དུ་ཕྱིན་པའི་ནང་ལག་རྩལ་མཐོ་བའི་ཐོན་ལས་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་མ་འཇོག་འཕར་ཚད་དེ་ལྡོག་ནས་དངོས་གཞིར་བསྒྱུར་ཡོད།

ཟླ5པར་ ལས་ཞུགས་ཐད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད5.9%ཟིན་ཞིང་། དེ་ཟླ4པ་ལས་བརྒྱ་ཆའི་གྲངས0.1མར་ཆག་ཡོད། དེའི་ནང་ལོ25ནས59བར་གྱི་མི་འབོར་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད5.4%ཟིན་ཞིང་དེ་བརྒྱ་ཆའི་གྲངས0.1མར་ཆག་ཡོད་པ་རེད། ཟླ1ནས5པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི460གསར་དུ་ལས་ཞུགས་ཐུབ་པ་དེ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་མི་ཁྲི137ཉུང་དུ་ཕྱིན་ཡོད་པ་རེད།

 རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཆེད་མཁས་ཅན་པས་དབྱེ་ཞིབ་བྱས་པ་ལྟར་ན། ཟླ5པའི་དཔལ་འབྱོར་དམིགས་ཚད་གཙོ་བོ་རྒྱུན་མཐུད་ངང་ཇེ་ལེགས་སུ་འབྱུང་བཞིན་པ་དང་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་སླར་གསོ་འབྱུང་བཞིན་ཡོད། དེ་དང་དུས་མཚུངས་སུ། རྒྱལ་ཁབ་ཕྱིའི་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་གནས་བབ་སྔར་ལས་ཛ་དྲག་དང་རྙོག་འཛིང་དུ་འགྱུར་བཞིན་ཡོད་ལ། རྒྱལ་ནང་གི་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་སྔར་བཞིན་ཉེན་ཁ་དང་འགྲན་སློང་ཅུང་མང་པོ་ལྷགས་ཡོད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།