ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་འགྲོ་གྲོན་གྱི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ཀྱི་ཇུས་གཞི》བཀྲམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་འགྲོ་གྲོན་གྱི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ཀྱི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《ཇུས་གཞིའི》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེལ་དཔལ་སྐོར་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་ཁོངས་སྒྲོལ་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ཀྲུང་དབྱང་གི་འགན་དབང་ལ་ཤུགས་སྣོན་འོས་འཚམ་རྒྱག་པ། སྲིད་གཞུང་དབར་གྱི་འགན་དབང་དང་ནོར་སྲིད་དབང་ཆ་དབྱེ་འབྱེད་ལེགས་སུ་གཏོང་བ། འགན་དབང་ཁ་གསལ་དང་། ནོར་ཤུགས་མཐུན་སྦྱོར། ས་ཁོངས་དོ་སྙོམས་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་འཛུགས་པ། རིམ་ཁག་སྲིད་གཞུང་གི་འགན་དབང་དང་། འགྲོ་གྲོན་གྱི་འགན་འཁྲི། ནོར་ཤུགས་བཅས་ཕན་ཚུན་འཚམ་པའི་ལམ་ལུགས་བརྟན་པོ་ཆགས་པ་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། སྣོད་བཅུད་ཤེས་དཔལ་མ་ལག་མགྱོགས་མྱུར་སྐྲུན་པ། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

《ཇུས་གཞིའི》ནང་། སྣོད་བཅུད་ཁོར་ཡུག་གི་འཆར་འགོད་ལམ་ལུགས་བཟོ་བ་དང་། སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཁྲིམས་འཛིན་བྱེད་པ། སྣོད་བཅུད་ཁོར་ཡུག་དོ་དམ་གྱི་ལས་དོན་སྤེལ་བ་དང་ནུས་པ་ཆེ་རུ་གཏོང་བ། ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱེད་པ་སོགས་ཀྱི་ཐད་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་འགྲོ་གྲོན་གྱི་འགན་འཁྲི་དབྱེ་བ་ཁ་གསལ་འབྱེད་དགོས། ད་ལྟ་སྤྱོད་བཞིན་པའི་དབྱེ་སྟངས་ཚན་རིག་དང་མཐུན་ལ་སྤྱོད་གོ་ཆོད་པའི་དོན་ཚན་སྒྱུར་བཅོས་གཏན་འཁེལ་བྱེད་པ་དང་། ད་ལྟ་སྤྱོད་བཞིན་པའི་དབྱེ་སྟངས་ལུགས་མཐུན་མིན་པ་དང་སྒྱུར་བཅོས་ཀྱི་ཆ་རྐྱེན་བལྟོས་བཅས་ཚང་བའི་དོན་ཚན་ལེགས་སྒྲིག་བྱེད་དགོས། འབྲི་ཆུ་དང་རྨ་ཆུ་སོགས་ས་ཁོངས་སྒྲོལ་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ཐད་ཀྱི་ཀྲུང་དབྱང་གི་འགན་དབང་ལ་ཤུགས་སྣོན་འོས་འཚམ་རྒྱག་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།

《ཇུས་གཞིའི》ནང་། རིམ་ཁག་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་དེ་ནོར་སྲིད་འགྲོ་གྲོན་གྱི་ཁྱབ་ཁོངས་གཙོ་བོར་བརྩི་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་ཀྱི་ཇུས་གཞིའི་ནང་གཏན་ལ་ཕབ་པའི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་འགྲོ་གྲོན་གྱི་འགན་འཁྲིའི་དབྱེ་འབྱེད་གཞིར་བཟུང་། གཏན་འབེབས་ལྟར་སྔོན་རྩིས་བཀོད་སྒྲིག་ཡག་པོ་བྱས་ནས་འགྲོ་གྲོན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་དགོས། མ་དངུལ་སྤྱོད་པའི་ཁ་ཕྱོགས་ལེགས་སྒྲིག་བྱེད་པ་དང་། མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་བཏོན་ཡོད་པ་རེད།

《ཇུས་གཞིའི》ནང་། སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་དབང་དང་འགྲོ་གྲོན་གྱི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ནི་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་དང་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་ལ། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས། སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྒྱུར་བཅོས་དང་ཟུང་འབྲེལ་དམ་ཟབ་དང་། མཉམ་དུ་སྐུལ་འདེད། མཉམ་འགུལ་རྒྱུན་འཁྱོངས། མཉམ་ཤུགས་ཆགས་པ་བཅས་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དོ་དམ་ལམ་ལུགས་དུས་ཐོག་ཏུ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་བཞིན་དངུལ་དོན་དོ་དམ་བྱེད་པར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།