རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་ཨང་དང་པོར་སླེབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་ནི་རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐེངས་བཞི་པ་དེ་ཡིན་ཞིང་། གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ1985ལོར《འཛམ་གླིང་ཤུལ་བཞག་སྤྱི་ཆིངས》ནང་ཞུགས་ཚུན་འཛམ་གླིང་ཤུལ་བཞག་ཁག55ཡིག་ཐོག་སྙན་ཞུ་ཕུལ་བ་ལེགས་གྲུབ་བྱུང་ཞིང་། དེའི་ནང་རིག་གནས་ཤུལ་བཞག37དང་། རང་བྱུང་ཤུལ་བཞག14། རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག4ཡོད་པ་རེད། རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་གི་བསྡོམས་འབོར་དང་རང་བྱུང་ཤུལ་བཞག་དང་རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་གི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་དང་ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་འཛམ་གླིང་ཤུལ་བཞག་གྲངས་འབོར་མང་དུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་རེད།

རང་རྒྱལ་གྱི་ས་རྒྱ་ཆེ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། རིག་གནས་སྣ་མང་ཅན་བཅས་ཡིན་པས་མིང་དོན་མཚུངས་པའི་འཛམ་གླིང་ཤུལ་བཞག་རྒྱལ་ཁབ་ཆེན་པོ་ཞིག་རེད། ཤུལ་བཞག་ཁུལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད། རང་རྒྱལ་གྱིས་ལོ་རེའི་ཟླ6པའི་གཟའ་འཁོར་གཉིས་པའི་གཟའ་སྤེན་པ་དེ“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོར”གཏན་འཁེལ་བྱས་ཡོད། མིག་སྔར་རང་རྒྱལ་དུ་གཟི་ཚ་སྡེ་དགུ་དང་། སི་ཁྲོན་གྱི་དོམ་ཁྲ་འཚོ་གནས་ཁུལ། མཚོ་སྔོན་གྱི་ཁོ་ཁོ་ཤི་རི་སོགས་འཛམ་གླིང་གི་རང་བྱུང་ཤུལ་བཞག14ཡོད་པ་དང་། ཐའེ་ཧྲན་རི་བོ་དང་། ཧོང་ཧྲན་རི་བོ། གླང་ཆེན་འགྱིང་རི། ལེ་ཧྲན་རི་བོའི་ལྷ་ཆེན་པོ། ཝུའུ་དབྱི་ཧྲན་རི་བོ་བཅས་རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག4ཡོད་པ་དང་ཁྱོན་གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི6.8ཟིན་ནས་རང་བྱུང་སྣོད་བཅུད་མ་ལག་དང་རང་བྱུང་ཤུལ་བཞག་གལ་ཆེ་ཤོས་སྲུང་སྐྱོང་བྱས་ཡོད་པ་རེད།

ལོ35ཡི་རིང་རང་རྒྱལ་གྱིས་རང་བྱུང་ཤུལ་བཞག་དང་རང་བྱུང་སྲུང་སྐྱོང་ཁུལ་ལ་བརྟེན་པའི་དོ་དམ་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱས་པས་རང་བྱུང་སྲུང་སྐྱོང་གི་ལམ་ལུགས་འཛུགས་སྐྱོང་དང་དོ་དམ་ཆུ་ཚད་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། འཛམ་གླིང་གི་རང་བྱུང་ཤུལ་བཞག་དང་རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་ལྟ་སྡོམ་ནུས་ལྡན་མངོན་འགྱུར་ཐུབ་ཡོད། 2018ལོར་ཤུལ་བཞག་ཁུལ་ཁག་ནས་ས་གནས་ལ་ཐད་ཀའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར143.75བྱུང་བ་དང་དེའི་ཁྲོད་རྒྱལ་མཚམས་ཕྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི1246.2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེས་རྒྱལ་ཡོངས་ཀྱི་རྒྱལ་མཚམས་ནང་ཡོང་བའི་ཡུལ་སྐོར་བའི་སྤྱི་འབོར་གྱི9.7%བཟུང་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ཤུལ་བཞག་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་པའི་ཡོངས་ཁྱབ་ཀྱི་རིན་ཐང་ལྡན་པའི་རང་བྱུང་ས་ཁོངས་དང་རིག་གནས་ཤུལ་བཞག་ཅིག་རེད།1972ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་ཐོག 《འཛམ་གླིང་ཤུལ་བཞག་སྤྱི་ཆིངས》ལ་གྲོས་འཆམ་བྱས་པ་བརྒྱུད《འཛམ་གླིང་ཤུལ་བཞག་མིང་གཞུང》བཟོས་པ་དང་མིག་སྔའི་བར་རྒྱལ་ཁབ193《འཛམ་གླིང་ཤུལ་བཞག་སྤྱི་ཆིངས》ནང་ཞུགས་ཡོད་པ་དང་རྣམ་གྲངས1121《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་པའི་ནང་རིག་གནས་ཤུལ་བཞག869དང་། རང་བྱུང་ཤུལ་བཞག213 རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག39ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།