ཟླ5པར་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ལེགས་པའི་རྣམ་པ་རྒྱུན་མཐུད་ངང་བརྟན་པོ་བྱུང་བ།

▶ སྔོན་རྩིས་ལྟར་ན་འདི་ལོའི་དཔྱིད་འདེབས་འབྲུ་རིགས་འདེབས་ཁྱོན་མུའུ་དུང་ཕྱུར་9.1ཟིན་རྒྱུ།

▶ གྲོ་གཞི་ཁྱོན་ཆེན་པོས་ས་ཁུལ་སྒྲོལ་ཏེ་འཕྲུལ་ཆས་ཀྱིས་ཕྱོགས་ཡོངས་ནས་བརྔ་བསྡུ་བྱེད་འགོ་ཚུགས་ཏེ་བཅུ་ཆ་བདུན་དང་ཕྱེད་ཀ་ཡན་བསྡུས་ཟིན་པ།

▶ ཟླ་5པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཕ་ཡུལ་དུ་ཕྱིར་ལོག་བྱས་པ་དང་ཕ་ཡུལ་དུ་སྡོད་མཁན་ཞིང་པ་ལས་མི་ཁྲི་800ལྷག་ཙམ་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ5པའི་ཚུན་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ལེགས་པའི་རྣམ་པ་རྒྱུན་མཐུད་ངང་བརྟན་པོ་བྱུང་ཡོད་པ་རེད།

དཔྱིད་འདེབས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཟིན་པ། སྔོན་རྩིས་ལྟར་ན་འདི་ལོའི་དཔྱིད་འདེབས་འབྲུ་རིགས་འདེབས་ཁྱོན་མུའུ་དུང་ཕྱུར9.1ཟིན་པ་དེ་ན་ནིང་ལས་མུའུ་ཁྲི700ལྷག་ཙམ་མང་དུ་ཕྱིན་པའི་ཁྲོད་སྔ་སྨིན་འབྲས་ཀྱི་རྒྱ་ཁྱོན་མུའུ་ཁྲི470ཟིན་ཡོད་པ་རེད། མིག་སྔར་དཔྱིད་འདེབས་ལོ་ཏོག་གི་ལྗང་པ་སྐྱེ་མཚར་བཟང་པོ་ཡོད་པ་དང་། སྔ་སྨིན་འབྲས་མང་ཆེ་བ་སྙེ་མ་གཏོང་བའི་དུས་སུ་སླེབས་པ། བྱང་ཤར་ས་ཁུལ་གྱི་ཨ་ཤོམ་གྱི་ལྗང་པ་གྲལ་འགྲིག་པོ་ཐོན་ནས་སྐྱེ་ཚུལ་ན་ནིང་ལས་ལེགས་པ་ཡོད་པ་རེད།

དབྱར་འབྲུར་ལོ་ལེགས་ཡོང་རེ་ཡོད་པ། གྲོ་གཞི་ཁྱོན་ཆེན་པོས་ས་ཁུལ་སྒྲོལ་ཏེ་འཕྲུལ་ཆས་ཀྱིས་ཕྱོགས་ཡོངས་ནས་བརྔ་བསྡུ་བྱེད་འགོ་ཚུགས་ཏེ་བཅུ་ཆ་བདུན་དང་ཕྱེད་ཀ་ཡན་བསྡུས་ཟིན་ཏེ་འཕྲུལ་ཆས་ཀྱིས་བསྡུ་ཚད་96%ཡན་རྒྱུན་འཁྱོངས་ཐུབ་ཡོད། རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་བརྒྱུད་འདི་ལོ་གྲོ་མུའུ་རེའི་སྙེ་གྲངས་དང་འབྲུ་རྡོག་སྟོང་གི་ལྗིད་ཚད་ཚང་མ་འཕར་ནས་སྙེ་མ་དང་འབྲུ་རྡོག་མང་ཉུང་གཅིག་པ་རྒྱུན་འཁྱོངས་ཐུབ་པ་དང་མུའུ་རེའི་ཐོན་འབབ་འཕར་རེ་ཡོད་པ་རེད། དབྱར་འདེབས་ལ་སྐུལ་འདེད་བརྟན་པོ་བཏང་བས་འཕེལ་རིམ་དུས་མཚུངས་ལས་ཅུང་མགྱོགས་ཙམ་ཡོད་པ་རེད།

ཕག་པ་ཐོན་སྐྱེད་མུ་མཐུད་སླར་གསོ་མྱུར་པོ་བྱུང་བ། ལག་ཡོད་ཕག་པ་ཟླ་བ་གོང་མ་ལས3.9%འཕར་བ་དང་ཟླ་བ4བསྟུད་མར་ཟླ་གོང་མ་ལས་འཕར་ནས2019ལོའི་ལོ་མཇུག་ལས་ཁྲི3800འཕར་ཡོད་པ་རེད།

ཞིང་ལས་ཐོན་རྫས་སོས་པའི་རིན་གོང་སྤྱིར་ཆག་པ། ཟླ་6པའི་གཟའ་འཁོར་དང་པོར་ཕག་ཤ་སྡེབ་ཚོང་ཁྲོམ་རའི་གཟའ་འཁོར་རེའི་ཆ་སྙོམས་རིན་གོང་སྤྱི་རྒྱ་རེར་སྒོར39.65ཡིན་པ་དང་གཟའ་འཁོར་15རྒྱུན་མཐུད་ངང་ཆག་པ་ལས་ཅུང་ཟད་འཕར་ནས་ཟླ་བ་གོང་མ་ལས2.43%འཕར་ཡོད། ཚགས་ཤ་དང་། ལུག་ཤ། བྱ་ཤ། སྒོ་ང་། ཆུ་ཐོན་དངོས་རྫས་བཅས་ཀྱི་རིན་གོང་སྤྱིར་ཆག་ཡོད་པ་རེད། སྔོ་ཚལ་དང་ཤིང་འབྲས་ཁྲོམ་རའི་མཁོ་སྤྲོད་འདང་ངེས་བྱུང་ནས་རིན་གོང་རྒྱུན་མཐུད་ངང་ཆག་ཡོད་པ་རེད།

ཕ་ཡུལ་དུ་ཕྱིར་ལོག་བྱས་པ་དང་ཕ་ཡུལ་དུ་སྡོད་མཁན་ཞིང་པ་ལས་མིའི་ལས་ཞུགས་ཀྱི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། ས་གནས་ཁག་གིས་ཚད་གཞི་མཐོ་བའི་ཞིང་ཁ་དང་། དེང་རབས་ཞིང་ལས་ཐོན་ལས་གླིང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་རྣམ་གྲངས་ལག་བསྟར་མྱུར་པོ་བྱས་ཏེ་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལས་རིགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ་དང་གྲོང་གསེབ་ཀྱི་ལས་གནས་རྒྱ་སྐྱེད་ཧུར་ཐག་བཏང་ཡོད་པ་རེད། ཟླ་5པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཕ་ཡུལ་དུ་ཕྱིར་ལོག་བྱས་པ་དང་ཕ་ཡུལ་དུ་སྡོད་མཁན་ཞིང་པ་ལས་མི་ཁྲི་800ལྷག་ཙམ་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་བྱུང་ཡོད།

གོམ་སྟབས་རྗེས་མར་ཞིང་ལས་དང་གྲོང་གསེབ་པུས་གྲོ་མཉམ་འབྲེལ་ཐོག་རྔ་བསྡུའི་ས་ཁུལ་སྒྲོལ་བའི་ལས་དོན་སྒྲིག་འཛུགས་ཡག་པོ་བྱས་ཏེ་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་མཛོད་འཇུག་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ནད་དང་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་ནས་སྟོན་འབྲུར་ལོ་ལེགས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དང་ཆབས་ཅིག་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་ཕ་ཡུལ་དུ་ཕྱིར་ལོག་བྱས་པ་དང་ཕ་ཡུལ་དུ་སྡོད་མཁན་ཞིང་པ་ལས་མི་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།