ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་འབྲེལ་ཡོད་མི་སྣར་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཅིག་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དམག་འཁྲུག་ནང་ཨ་མེ་རི་ཁ་ཕྱོགས་ཀྱི་བྱེད་སྤྱོད་ལ་བརྟག་དཔྱད་བྱེད་པའི་ལས་དོན་ནང་ཞུགས་མཁན་གྱི། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་དཔོན་རིགས་ལ་དཔལ་འབྱོར་བཀག་སྡོམ་དང་རྒྱལ་ཁོངས་སུ་ཡོང་བར་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

ཐི་ལང་ཕུའུ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་བཀའ་རྒྱའི་ནང་བཤད་རྒྱུར། ཨ་མེ་རི་ཁ་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཆིངས་ཡིག་འཇོག་མཁན་གྱི་རྒྱལ་ཁབ་མིན་པས་ན། ཁྲིམས་ཁང་དེས་ཨ་མེ་རི་ཁ་ཕྱོགས་ཀྱི་མི་སྣར་བདག་སྐྱོང་བྱེད་དབང་རྩ་བ་ནས་མེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨ་མེ་རི་ཁའི་དམག་དོན་དང་གསང་འཕྲིན་མི་སྣས་ཨ་ཧྥུའུ་ཧན་ནས་སྤེལ་བའི་བྱ་སྤྱོད་ལ་བརྟག་དཔྱད་འཇིགས་སྐུལ་བྱས་པར་རྐྱེན་བྱས་ཏེ། དེས་ཨ་མེ་རི་ཁའི་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ལ་འཇིགས་སྐུལ་བྱས་པར་བརྟེན། ཨ་མེ་རི་ཁ་སྲིད་གཞུང་གིས་འབྲེལ་ཡོད་མི་སྣར་བཀག་སྡོམ་བྱ་རྒྱུ་ཡིན་ཟེར།

སྲིད་འཛིན་བཀའ་རྒྱར་གཞིགས་ན། བཀག་སྡོམ་གྱི་ནང་དོན་ནང་དཔལ་འབྱོར་བཀག་སྡོམ་དང་འབྲེལ་ཡོད་མི་སྣ་ཨ་མེ་རི་ཁ་ཡོང་རྒྱུ་དང་ལེན་མི་བྱེད་པ་སོགས་ཚུད་ཡོད་འདུག

ཨ་མེ་རི་ཁའི་གསར་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་ཧྥུའུ་ཧན་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཅིག་ཡིན་པས། ཁྲིམས་ཁང་དེས་ཨ་ཧྥུའུ་ཧན་དུ་ཐོན་པའི་འབྲེལ་ཡོད་ནག་ཉེས་དང་ཉེས་གསོག་ཅི་རིགས་ལ་བདག་སྐྱོང་བྱེད་དབང་ཡོད་ཟེར།

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ད་ལོའི་ཟླ་གསུམ་པར་ཐ་ལི་པན་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དཔུང་སྡེ། ཨ་མེ་རི་ཁའི་དམག་དོན་དང་གསང་འཕྲིན་མི་སྣ་བཅས་ཀྱིས་ཨ་ཧྥུའུ་ཧན་དུ་དམག་འཁྲུག་དང་འབྲེལ་བ་ཡོད་པའི་ཉེས་པ་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་པ་བཅས་ལ་བརྟག་དཔྱད་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུའི་སྐོར་ནས་ཁྲུན་ཐག་བཅད་པ་རེད། ཁྲིམས་ཁང་དེའི་དབུ་བཞུགས་ཞིབ་དཔྱོད་དཔོན་པོ་ཧྥ་ཐུའུ་·པན་སུའུ་ཏ་ཡིས། ཨ་མེ་རི་ཁ་ཕྱོགས་ཀྱི་མི་སྣས་ཉིས་སྟོང་གསུམ་ལོ་ནས་ཉིས་སྟོང་བཞི་ལོའི་བར། ཨ་ཧྥུའུ་ཧན་དུ་བཙོན་མ་ལ་མནར་གཅོད་གཏོང་བ་དང་མི་སྒེར་གྱི་ལ་རྒྱ་ལ་བཙན་གནོད་གཏོང་བ་སོགས་ཀྱི་བྱེད་སྤྱོད་ཡོད་པའི་དཔང་རྟགས་ཁུངས་བཙན་ཡོད་ཅེས་བཤད་འདུག

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དེ་ཧི་ལན་གྱི་གྲོང་ཁྱེར་ཧའེ་ཡ་རུ་བཙུགས་ཡོད། ཉིས་སྟོང་གཉིས་ལོར་ནུས་པ་ཐོན་པའི《རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་རོ་མའི་སྒྲིག་སྲོལ་ཆིངས་ཡིག》བཙུགས་པ་གཞིར་བཟུང་ནས། རིགས་རྒྱུད་རྩ་མེད་བཏང་བའི་ཉེས་གསོག་དང་དམག་འཁྲུག་གི་ཉེས་པ། མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་པ། བཙན་འཛུལ་བྱས་པའི་ཉེས་གསོག་བཅས་ཀྱི་ཐད་ནས་མི་སྒེར་ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།