ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་འདེགས་བྱས་ཏེ། མཛའ་བརྩེ་ཟབ་པའི་གྲོགས་པོ་བཟང་བོའི་མཛའ་བཤེས་དང་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བའི་ཆུ་ཚད་མཐོན་པོ་དང་དམིགས་བསལ་རང་བཞིན་མངོན་པར་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་རིམས་འགོག་བྱེད་ཐབས་སྤྱད་པར་རྒྱབ་སྐྱོར་བྱེད་ཅིང་། མུ་མཐུད་དུ་གསང་རྒྱ་ཅི་ཡང་མེད་པའི་སྒོ་ནས་ཨུ་རུ་སི་དཀར་པོའི་བར་རིམས་འགོག་ཉམས་མྱོང་དང་གསོ་བཅོས་ཇུས་གཞི་མཉམ་སྤྱོད་བྱེད་འདོད་ཡོད། སྐུ་ཉིད་ཀྱི་མགོ་ཁྲིད་བརྟན་པོའི་འོག ཨུ་རུ་སི་དཀར་པོའི་མི་དམངས་གང་མགྱོགས་སྒོས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད། ཨུ་རུ་སི་དཀར་པོར་སློབ་སྦྱོང་དང་འཚོ་བ་རོལ་བའི་ཀྲུང་གོའི་སྤྱི་དམངས་ལ་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཨུ་རུ་སི་དཀར་པོས་མུ་མཐུད་དུ་ཁོ་ཚོའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་གང་ལེགས་བྱེད་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨུ་རུ་སི་དཀར་པོས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཉིས་རྒྱལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོའི་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་བྱས་ཏེ་ངེས་པ་དོན་གྱི་གྲོགས་པོ་བཟང་བོར་གྱུར་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སྔར་བཞིན་ཨུ་རུ་སི་དཀར་པོས་རྒྱལ་ཁབ་རང་གི་གནས་ཚུལ་གཞིར་བཟུང་ནས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རིམས་ནད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་འགྲོ་འོང་དང་དངོས་གཉེར་མཉམ་ལས་ཐད་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཀྱང་། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བའི་རྨང་གཞི་བརྟན་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་འགྲན་རྩོད་གོ་སྐབས་སུ་བསྒྱུར་ཅིང་། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བཟོ་ལས་ར་བའི་འཛུགས་སྐྲུན་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་ཡར་སྐུལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་རང་བདག་གདམ་གསེས་ཀྱི་འཕེལ་རྒྱས་བགྲོད་ལམ་ལ་ནམ་རྒྱུན་བརྩི་འཇོག་བྱས་པ་དང་། ཨུ་རུ་སི་དཀར་པོའི་རིམས་འགོག་ཐད་རྒྱབ་སྐྱོར་གང་མང་བྱས་ལ། ཉམས་མྱོང་བཟང་བོ་མཉམ་སྤྱོད་བྱས་ཏེ། ཨུ་རུ་སི་དཀར་པོའི་རིམས་འགོག་ཐད་ནུས་པ་གལ་ཆེན་བཏོན་པར་ཨུ་རུ་སི་དཀར་པོས་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད། ཨུ་རུ་སི་དཀར་པོ་དང་ཀྲུང་གོ་ནི་གྲོགས་པོ་བཟང་བོ་ཡིན། ཨུ་རུ་སི་དཀར་པོས་ནད་དུག་ཆབ་སྲིད་ཅན་དུ་བསྒྱུར་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་མུ་མཐུད་དུ་ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཨུ་རུ་སི་དཀར་པོའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མེ་འཁོར་བེད་སྤྱད་དེ་ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་པ་དང་། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། བདག་གིས་རིམས་ནད་མཇུག་སྒྲིལ་རྗེས་གང་མགྱོགས་སྒོས་ཁྱེད་ཉིད་ཡང་བསྐྱར་འཚམས་འདྲིར་ཡོང་བར་བསུ་བ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།