ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས《རྒྱལ་ཡོངས་སུ་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་ཐེངས་དང་པོ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས《རྒྱལ་ཡོངས་སུ་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་ཐེངས་དང་པོ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རང་རྒྱལ་གྱི་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ། རང་བྱུང་གནོད་འཚེ་འགོག་པའི་སྤྱི་ཚོགས་ཡོངས་ཀྱི་ཕྱོགས་བསྡུས་འགོག་ཟོན་གྱི་ནུས་པ་ཆེ་རུ་གཏོང་ཕྱིར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། 2020ལོ་ནས2022ལོ་བར་རྒྱལ་ཡོངས་སུ་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་ཐེངས་དང་པོ་བྱེད་རྒྱུའི་གཏན་འཁེལ་བྱས་པ་རེད།

《བརྡ་ཐོའི》ནང་རྒྱལ་ཡོངས་སུ་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་ཁྱབ་ཞིབ་བཤེར་བྱེད་རྒྱུ་ནི་རྒྱལ་ཁའི་གནས་བབ་དང་རྒྱལ་སྟོབས་ལ་བརྟག་དཔྱད་བྱེད་པ་ཞིག་དང་། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད། ཡོངས་བཤེར་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁའི་ཕྱོགས་བསྡུས་མངོན་མེད་རྐྱེན་ངན་གྱི་གཞི་གྲངས་མཐིལ་རྟོགས་དང་། གཙོ་གནད་ས་ཁུལ་གྱི་གེགས་སེལ་ནུས་པར་རྩད་གཅོད་ཁ་གསལ། རྒྱལ་ཡོངས་དང་ས་གནས་ཁག་གི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཆུ་ཚད་ལ་དོན་དངོས་དང་མཐུན་པའི་ངོས་འཛིན་བཅས་བྱས་ནས། ཀྲུང་དབྱང་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་རང་བྱུང་གནོད་འཚེ་འགོག་བཅོས་ལས་དོན་ནུས་ལྡན་སྤེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་ཏན་ཏིག་བྱེད་ཆེད་དབང་གྲགས་ལྡན་པའི་གནོད་འཚེའི་ཉེན་ཁའི་ཆ་འཕྲིན་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

《བརྡ་ཐོའི》ནང་ཡོངས་བཤེར་གྲས་སུ་རང་བྱུང་གནོད་འཚེ་དང་འབྲེལ་བ་ཡོད་པའི་རང་བྱུང་དང་མི་ཆོས་ས་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ། ཡུལ་མི་ཨུ་ལྷན་དང་གྲོང་མི་ཨུ་ལྷན། གཙོ་གནད་ཁེ་ལས་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས། གྲོང་མི་ཁག་གཅིག་སོགས་ཚུད་ཡོད། ཡོངས་བཤེར་དང་འབྲེལ་བ་ཡོད་པའི་རང་བྱུང་གནོད་འཚེའི་རིགས་ལ་གཙོ་བོ་ས་ཡོམ་གྱི་གནོད་འཚེ་དང་། ས་གཤིས་ཀྱི་གནོད་འཚེ། གནམ་གཤིས་ཀྱི་གནོད་འཚེ། ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ། རྒྱ་མཚོའི་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནོད་འཚེ་སོགས་ཡོད། ཡོངས་བཤེར་གྱི་ནང་དོན་གྲས་སུ་གཙོ་བོ་རང་བྱུང་གནོད་འཚེ་བྱུང་རྐྱེན་ལ་བརྟག་དཔྱད་དང་དཔྱད་དཔོག་དང་། མི་འབོར་དང་། སྡོད་ཁང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཁོངས་གཏོགས། ཐོན་ཁུངས་དང་ཁོར་ཡུག་སོགས་ཀྱི་གནོད་འཚེར་བརྟག་དཔྱད་དང་དཔྱད་དཔོག ལོ་རྒྱུས་ཐོག་བྱུང་བའི་གནོད་འཚེར་བརྟག་དཔྱད་དང་དཔྱད་དཔོག ཕྱོགས་བསྡུས་གནོད་འཚེ་ཉུང་གཏོང་གི་ཐོན་ཁུངས(ནུས་པ)ལ་བརྟག་དཔྱད་དང་དཔྱད་དཔོག མངོན་མེད་རྐྱེན་ངན་གཙོ་བོར་བརྟག་དཔྱད་དང་དཔྱད་དཔོག གནོད་འཚེའི་ཉེན་ཁ་གཙོ་བོར་དཔྱད་དཔོག་དང་ཁུལ་དབྱེ་དང་དེ་བཞིན་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་དཔྱད་དཔོག་དང་ཁུལ་དབྱེ་བཅས་ཚུད་ཡོད་པ་དང་། ཡོངས་བཤེར་གྱི་ཚད་ལྡན་དུས་ཚོད་2020ལོའི་ཟླ་12ཚེས་31ཉིན་བར་ཡིན་ཞེས་བསྟན་ཡོད་པ་རེད།

《བརྡ་ཐོའི》ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“རྒྱལ་ཡོངས་སུ་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་ལས་བགོས་མཉམ་སྒྲུབ། ས་གནས་རིམ་དབྱེ་འགན་འཁུར། ཕྱོགས་ཁག་མཉམ་དུ་ཞུགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཡོངས་བཤེར་སྒྲིག་འཛུགས་ལག་བསྟར་གྱི་ལས་དོན་ནན་ཏན་ངང་ལེགས་པར་སྒྲུབ་དགོས། སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད། རྒྱལ་ཡོངས་སུ་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁར་ཡོངས་བཤེར་ཐེངས་དང་པོ་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཡོངས་བཤེར་སྒྲིག་འཛུགས་ལག་བསྟར་བྱེད་རིང་གི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐབས་ཇུས་འདིང་བའི་འགན་འཁུར་རྒྱུ་རེད། རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་དེ་མཚུངས་ཀྱི་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་བཙུགས་ནས་ས་ཁུལ་འདི་གའི་ཡོངས་བཤེར་ལས་དོན་ནན་ཏན་ངང་ལེགས་པར་སྒྲུབ་དགོས། ཡོངས་བཤེར་ལས་དོན་གྱི་གྲོན་དངུལ་དེ་ས་གནས་ཀྱིས་འགན་ལེན་གཙོ་བོ་བྱེད་དགོས་པ་དང་། ཀྲུང་དབྱང་གིས་ཀྲུང་དབྱང་རིམ་པའི་འབྲེལ་ཡོད་འགྲོ་སོང་དང་ཀྲུང་དབྱང་སྡེ་ཚན་གྱིས་འགན་ཁུར་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)སྒྲོལ་བའི་ཡོངས་བཤེར་ལས་དོན་གྱི་འབྲེལ་ཡོད་འགྲོ་སོང་གི་འགན་འཁུར་རྒྱུ་དང་འབྲེལ། ཆེད་དོན་གཏོང་སྤྲོད་སྤོ་སྒྱུར་བྱས་ནས་ས་གནས་ལ་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།