ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུའི་ཉིན་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ནོར་སྲིད་མ་དངུལ་ཁ་སྣོན་བྱས་ནས་ཐད་ཀར་ཁེ་ལས་དང་མང་ཚོགས་ལ་ཁེ་ཕན་བསྐྲུན་པའི་དམིགས་བསལ་གྱི་རྩིས་སྤྲོད་རྐྱེན་སྲོལ་གཏན་འཁེལ་བྱས་པ་དང་། ཕྱིར་འཚོང་བྱེད་ཐབས་བཟང་བོར་རྒྱབ་སྐྱོར་བྱས་ནས་ཕྱིར་གཏོང་ཚོང་རྫས་ལ་རྒྱལ་ནང་གི་ཚོང་ར་རྒྱ་བསྐྱེད་པ་དང་ཕྱི་འཚོང་ཁེ་ལས་དཀའ་ཁག་ལས་སྒྲོལ་བར་རོགས་འདེགས་བྱེད་པར་བཀོད་སྒྲིག་བྱས། 

གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་སྟེ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ་ནི་ད་ལོའི་སྲིད་གཞུང་གི་བྱ་བ་གཙོ་བོ་ཞིག་ཡིན་པས་འགོར་འགྱངས་གཏན་ནས་བྱེད་མི་རུང་། ལས་ཞུགས་ལ་འགན་སྲུང་བྱེད་པ་དང་དམངས་འཚོར་འགན་སྲུང་བྱེད་པ། ཚོང་ར་གཙོ་བོར་འགན་སྲུང་བྱེད་པ་བཅས་གྲོང་ཁྱེར་དང་རྫོང་གི་དངོས་འབེབ་ལ་བརྟེན་དགོས། ད་ལོར་རྒྱལ་ཁབ་ཀྱིས་དཔྱ་ཁྲལ་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་ཚད་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ཁ་སྣོན་བྱེད་རྒྱུ་ཐག་བཅད། དེའི་ནང་སྤྱི་ཚོགས་འགན་སྲུང་གྲོན་དངུལ་ཇེ་ཉུང་དུ་བཏང་སྟེ་ཚོང་ར་གཙོ་བོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་གི་གྲོན་དངུལ་ཇེ་ཉུང་དུ་བཏང་ཡོད། མང་ཆེ་བ་ལོ་སྨད་དུ་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། ས་ཁུལ་མང་བོས་ཀྱང་རང་བདག་གིས་དཔྱ་ཁྲལ་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་བཞིན་ཡོད། དེ་ལས་ཁེ་ལས་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་གི་དཀའ་ཁག་སེལ་བ་དང་མང་ཚོགས་ཀྱི་དཀའ་སྡུག་སེལ་བར་ཤུགས་ཆེན་པོས་རྒྱབ་སྐྱོབ་བྱེད་ཐུབ་ཀྱང་། གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་ཐད་གནོན་ཤུགས་ཆེན་པོ་བཟོ་སྲིད། ནོར་སྲིད་ཀྱི་འགྲོ་སོང་དང་རིམས་འགོག་གི་དམིགས་བསལ་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་ཁ་སྣོན་བྱས་ཏེ་ཐད་ཀར་གྲོང་ཁྱེར་དང་རྫོང་ལ་བྱིན་ཡོད་པ་དང་། དེ་ལས་ས་གནས་ཀྱིས་རིམས་ནད་ཀྱི་གནོད་པ་ཐེབས་པའི་ཁེ་ལས་ཆུང་འབྲིང་དང་སྒེར་གཉེར་ཚོང་ཁང་། དཀའ་ཁག་མང་ཚོགས་བཅས་ལ་རོགས་འདེགས་བྱེད་པའི་བྱེད་ཐབས་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་བའི་འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རིམས་ནད་འགོག་སྲུང་དང་འབྲེལ་བའི་འགྲོ་སོང་བཅས་ཀྱི་ཐད་བཀོལ་རྒྱུ་ཡིན། གྲོས་ཚོགས་ནས་དམིགས་བསལ་གྱི་རྩིས་སྤྲོད་རྐྱེན་སྲོལ་བཙུགས་ནས་ཁ་སྣོན་བྱས་པའི་ནོར་སྲིད་མ་དངུལ་དུས་ཐོག་ཏུ་གྲོང་ཁྱེར་དང་རྫོང་ལ་སྟེར་རྒྱུ་ཐག་བཅད། ཀྲུང་དབྱང་ནོར་སྲིད་ཀྱིས་འབྲེལ་ཡོད་སྡེ་ཁག་བར་གྱི་དོ་དམ་ལ་ཤུགས་སྣོན་བྱེད་སྲིད། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་མ་དངུལ་གྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱས་ཏེ་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ལས་ཞུགས་འགན་སྲུང་དང་དམངས་འཚོའི་འགན་སྲུང་། ཚོང་ར་གཙོ་བོའི་འགན་སྲུང་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། གྲོང་ཁྱེར་དང་རྫོང་གི་སྲིད་གཞུང་གིས་མ་དངུལ་བེད་སྤྱོད་ཀྱི་རྩིས་ཐོ་བཟོས་ནས་མ་དངུལ་དེ་དག་ཕྱོགས་གང་ལ་བཀོལ་བ་ཡོང་བར་འགན་སྲུང་བྱེད་དགོས། ནོར་སྲིད་པུའུ་ཡིས་དུས་མཉམ་དུ་ཡོངས་ལ་ཁྱབ་པ་དང་མུ་འབྲེལ་གྱི་ལྟ་རྟོག་མ་ལག་བཙུགས་ཏེ། རིམ་པ་སོ་སོའི་རྒྱལ་མཛོད་ཀྱིས་ཐད་ཀར་མ་དངུལ་རྩིས་སྤྲོད་བྱེད་པར་ལྟ་རྟོག་དང་རྩིས་ཐོ་མི་ནོར་བར་ཁག་ཐེག་བྱེད་དགོས་པར་མ་ཟད། རྩིས་བཤེར་སྡེ་ཁག་གིས་ཆེད་དོན་རྩིས་བཤེར་བྱེད་དགོས། 

གྲོས་ཚོགས་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་དབུལ་ཐར་མཁྲེགས་གཏོར་གྱི་ཤུགས་ཚད་བསྟུད་མར་ཇེ་ཆེར་བཏང་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ད་ལོར་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལོན་པར་ཡིད་ཆེས་ཡོད་ལ་ནུས་པའང་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རྒྱབ་སྐྱོར་བྱེད་ཐབས་དངོས་འབེབ་བྱེད་དགོས་པ་དང་། ས་ཁུལ་སོ་སོས་མ་དངུལ་བཀོད་སྒྲིག་ཐད་ནས་ཀྱང་ཕྱོགས་དེར་གཞོལ་དགོས། བྱ་བ་སྣ་ཚོགས་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསལ་བྱས་ཏེ། ད་ལོར་ད་ལྟའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱེད་པ་དང་། སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་བྱས་ནས་དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་འགན་སྲུང་བྱེད་དགོས། 

གྲོས་ཚོགས་ནས་མི་དུང་ཕྱུར་གཉིས་ཙམ་གྱི་ལས་ཞུགས་ལ་འབྲེལ་བ་ཡོད་པའི་ཕྱིར་འཚོང་ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་འཕེལ་རྒྱས་ཐད་རོགས་སྐྱོར་བྱ་ཆེད། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་པར་སྐུལ་མ་གཏོང་བའི་ཞོར་དུ་ཕྱིར་འཚོང་བྱེད་ཐབས་བཟང་བོར་རྒྱབ་སྐྱོར་བྱས་ནས་ཕྱིར་གཏོང་ཐོན་རྫས་ཀྱི་རྒྱལ་ནང་གི་ཚོང་ར་རྒྱ་བསྐྱེད་དགོས། ནང་ཁུལ་གྱི་ཕྱིར་འཚོང་ངོས་ལེན་དང་ཁྲལ་དོན་གྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས། གློག་རྡུལ་ཚོང་སྟེགས་དང་ཚོང་ལས་ཁེ་ལས་ཆེ་གྲས་སོགས་ཀྱི་ཕྱིར་འཚོང་ཐོན་རྫས་ནང་ཁུལ་ནས་འཚོང་བའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། དངུལ་ལོར་ལས་ཁུངས་ཀྱིས་དངུལ་བུན་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བར་སྐུལ་མ་གཏོང་དགོས། 

གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།