ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧྥེ་ལེ་པེན་གྱི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་གཉིས་ཀྱིས་ཚེས་དགུའི་ཉིན་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་དང་ཧྥེ་ལེ་པེན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འཁོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཧྥེ་ལེ་པེན་ནི་གྲོགས་པོའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱུན་རིང་བའི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད། འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔའི་རིང་ལ། ཀྲུང་གོ་དང་ཧྥེ་ལེ་པེན་གྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཁྱད་པར་དུ་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་བསྟུད་མར་རྒྱ་བསྐྱེད་དེ། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་བདེ་སྐྱིད་བསྐྲུན་ཡོད་པར་མ་ཟད། ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ཐད་བྱས་རྗེས་གང་ལེགས་བཞག་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧྥེ་ལེ་པེན་རྒྱལ་ཁབ་གཉི་ག་འཕེལ་རྒྱས་ཀྱི་གནད་འགག་གི་དུས་རིམ་དུ་གནས་ཡོད་ལ། མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། བདག་གིས་ཀྲུང་གོ་དང་ཧྥེ་ལེ་པེན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཧྥེ་ལེ་པེན་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧྥེ་ལེ་པེན་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཧྥེ་ལེ་པེན་དང་མཉམ་དུ་ལག་རྡང་མཉམ་སྦྲེལ་གྱིས་དཀའ་ཁག་ཁྱད་བསལ་བྱེད་འདོད་ཡོད་ཟེར། 

ཏུའུ་ཐི་ཨར་ཐི་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཧྥེ་ལེ་པེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། གཅིག་སྟོང་དགུ་བརྒྱ་དོན་ལྔ་ལོའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མིག་སྔར་འཛམ་གླིང་གི་བདེ་འཇགས་དང་གཏན་འཇགས་ཐད་འགྲན་རྩོད་མང་བོ་འབྱུང་བཞིན་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སོགས་སྲོལ་རྒྱུན་མིན་པའི་བདེ་འཇགས་འཇིགས་ཉེན་ཉིན་རེ་བཞིན་འབུར་ཐོན་དུ་འགྱུར་བཞིན་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་ཧྥེ་ལེ་པེན་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པར་གལ་འགངས་ཧ་ཅང་ཆེ། ཧྥེ་ལེ་པེན་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ནི་རང་གི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་ཅིང་། མུ་མཐུད་དུ་ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།