ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་འབར་མའི་ཙུང་ཐུང་གིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་ཙུང་ཐུང་ཝུན་མེན་གཉིས་ཀྱིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་རིང་ལ། ཀྲུང་གོ་དང་འབར་མའི་སྲོལ་རྒྱུན་སྤུན་ཟླའི་འབྲེལ་བ་སྔར་ལས་ཇེ་བརྟན་དུ་སོང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བྱུང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཕྱོགས་གཉིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་འདེགས་བྱས་ཏེ། དཀའ་སྡུག་མཉམ་མྱོང་བྱེད་པའི་ཀྲུང་གོ་དང་འབར་མའི་ལས་སྐལ་ཐུན་མོང་ཚོགས་པའི་སྙིང་སྟོབས་གསལ་རྗེན་དུ་མངོན་པར་བྱས་ཡོད། ད་ལོའི་ཟླ་དང་པོར་བདག་གིས་འབར་མ་རྒྱལ་ཁབ་ཏུ་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཁྱེད་དང་མཉམ་དུ་གནས་བབ་གསར་བའི་འོག་ཀྲུང་གོ་དང་འབར་མའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་ནས་ཐུན་མོང་ལྟ་ཚུལ་བྱུང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་བའི་འཕེལ་རྒྱས་ཆུ་ཚད་དུ་བསླེབ་པར་སྐུལ་འདེད་བཏང་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ཧྲིལ་བོར་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་དང་འབར་མའི་འབྲེལ་བ་དེ་སྔར་སྲུང་རྗེས་མཐུད་ཀྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད། བདག་གིས་ཀྲུང་གོ་དང་འབར་མའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་འབར་མའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པ་དམིགས་སུ་བཟུང་ནས་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་མང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དུས་གཏན་དུ་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། སྤུན་ཟླ་བཟང་བོར་འགྱུར་བར་བྱེད་དགོས་ཞེས་གསུངས། 

ཝུན་མེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་ཆེན་པོས་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད། འབར་མ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱིས་འབར་མ་དང་ཀྲུང་གོའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་གཅིག་གྱུར་ཡིད་འཐད་བྱུང་ཡོད། འབར་མ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་སྲིད་པར་ཡིད་ཆེས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།