ཀྲུང་གོ་བོད་ཀྱི་དྲ་བ།

ནོར་ལུག་བྱ་ཕག་སོགས་གསོ་ན་ཁ་གསབ་དངུལ་སྒོར་བླངས་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསོ་སྤེལ་ཁ་གསབ་རོགས་དངུལ་ཐོན་ཡོད་པས་སྒོར་ཁྲི2-80བར་གང་འདོད་དུ་བླངས་ཆོག

ཞིང་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་ཀྱིས་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་ཐད་ཁ་གསབ་མཐོན་པོ་སྤྲོད་པའི་རེ་འདུན་བཏོན་ཡོད་ལ། ནང་སྒོས་སུ་གསོ་སྤེལ་ལས་རིགས་ལ་མཚོན་ནས་བཤད་ན། དེ་ཡང་མ་རྩ་གཏོང་རྒྱུའི་མ་དངུལ་གྱི་གཞི་ཁྱོན་སྔར་ལས་ཆེ་ཞིང་ཁྲོམ་རའི་གཡོ་སྐྱོམས་ཀྱི་ཤུགས་རྐྱེན་ཡང་ཧ་ཅང་ཆེ། དེའི་རྐྱེན་གྱིས་རྒྱལ་ཁབ་ཀྱིས་གསོ་སྤེལ་ལས་རིགས་གཞིར་བཟུང་སྟེ་ཁ་གསབ་ཀྱང་མི་ཉུང་བ་ཞིག་མཁོ་སྤྲོད་བྱས་ཡོད། རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་འོག་ཞིང་བ་དག་ཕྱིར་ཡུལ་དུ་ལོག་པ་དང་ཞིང་ལས་ལས་གཏོད་ཀྱི་བརྒྱུད་རིམ་དེའི་འགོ་བརྩམས་ཡོད། དེས་ན་ང་ཚོས་གཤམ་ནས་མཉམ་དུ་སྒོ་ཕྱུགས་གང་དག་གསོ་སྤེལ་བྱས་ན་རྒྱལ་ཁབ་ཀྱི་ཁ་གསབ་འཐོབ་ཐུབ་མིན་ཐད་ལ་རྒྱུས་ལོན་ཞིག་བྱའོ།།

50.jpeg

1.ཕག་གསོ་སྤེལ་གྱི་ཁ་གསབ་རོགས་དངུལ།

ད་ལྟ་ཕག་ཤ་འཁོར་རྒྱུག་གི་ཁྲོམ་རའི་གནས་ཚུལ་དེ་འདྲ་ལེགས་རྒྱུ་མེད་མོད། གང་ལྟར་གསོ་སྤེལ་མཁན་ཆུང་ཆུང་དང་གསོ་སྤེལ་ར་བ་ཆེན་པོ་གང་ཞིག་ཡིན་རུང་། ཐེངས་འདིའི་ཕག་ཤའི་འཁོར་རྒྱུག་གི་དུས་འཁོར་ཁྲོད་གྱོང་གུན་ངེས་ཅན་ཞིག་རེག་འདུག ཡིན་ཡང་རྒྱལ་ཁབ་ཀྱིས་ཕག་གསོ་སྤེལ་བྱེད་པའི་ཐད་ལ་ཡང་དེར་བསྟུན་གྱི་ཁ་གསབ་བཏང་ཡོད། གསོ་སྤེལ་གཞི་ཁྱོན་གྱི་ཁ་གྲངས500-999ཡོད་ན་སྒོར་ཁྲི20ཡི་ཁ་གསབ་མཁོ་སྤྲོད་བྱས་ཡོད། དེའི་མི་ཚད་གཞི་ཁྱོན་དེ་ལས་ཆེ་ཞིང་ཁ་གྲངས1000-1999བར་གསོ་སྤེལ་བྱས་ཡོད་ན་སྒོར་ཁྲི40ཡི་ཁ་གསབ་རོགས་དངུལ་འཐོབ་ཐུབ། ཕག་གི་ཁ་གྲངས2000-2999བར་གསོ་སྤེལ་བྱས་ཡོད་ཚེ་ཁ་གསབ་སྒོར་ཁྲི60ཡོད། ཕག་གི་ཁ་གྲངས3000གི་ཡན་ཅན་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི80འཐོབ་ཐུབ་པས། འདི་ལྟར་ཞིང་བ་དག་གི་གསོ་སྤེལ་གཟན་ཆས་ཐད་ཀྱི་གནོན་ཤུགས་ཀྱང་ཇེ་ཉུང་དུ་འགྲོ་སྲིད།

51.jpeg

2. ནོར་གསོ་སྤེལ་གྱི་ཁ་གསབ།

རྒྱལ་ཁབ་ཀྱིས་བཞོན་མ་དང་བཤས་ནོར་ཐད་ལ་ཁ་གསབ་མི་འདྲ་བ་རེད། དེ་ཡང་བཤས་ནོར་ལ་མཚོན་ན། གསོ་སྤེལ་གཞི་ཁྱོན་གྱི་ཁ་གྲངས100-299ཡོད་ན་ཁ་གསབ་རོགས་དངུལ་སྒོར་ཁྲི30དང་ཁ་གྲངས300ཡི་ཡན་ཡོད་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི50ཡོད། དེ་ཡང་བཞོན་མའི་ཁ་གསབ་རོགས་དངུལ་དེ་བཤས་ནོར་དང་བསྡུར་ན་ལྟོས་བཅོས་ཀྱིས་ཅུང་མང་ངེས། བཞོན་མའི་ཁ་གྲངས300-499ཡོད་ཚེ་སྒོར་ཁྲི80ཡི་ཁ་གསབ་རོགས་དངུལ་དང་། ཁ་གྲངས500-999བར་ལོངས་ཚེ་སྒོར་ཁྲི130ཡི་ཁ་གསབ་རོགས་དངུལ་འཐོབ་ཐུབ། བཞོན་མའི་ཁ་གྲངས་ཆིག་སྟོང་ཡན་ལ་བུད་ཡོད་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི170ཡོད་པ་རེད།

55.jpeg

3.ལུག་གསོ་སྤེལ་གྱི་ཁ་གསབ།

རྒྱལ་ཁབ་ཀྱིས་ལུག་གསོ་སྤེལ་ཐད་ཀྱི་ཁ་གསབ་དེ་ཡང་ས་བབ་ཡུལ་བསྟུན་གྱིས་གཏན་འབེབས་བྱས་ཤིང་། ས་ཁུལ་སྐོར་ཞིག་ལ་ཁ་གསབ་རོགས་དངུལ་ཅི་ཡང་མེད། སྤྱིར་བཏང་འོག་གསོ་སྤེལ་བྱས་པའི་ལུག་གི་ཁ་གྲངས་དེ300-499བར་ཡིན་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི15བླངས་ཆོག གསོ་སྤེལ་ཁ་གྲངས500-699བར་ཡོད་ཚེ་ཁ་གསབ་རོགས་དངུལ་སྒོར་ཁྲི25ཡིན། དེ་དང་ཆབས་ཅིག་ལུག་གསོ་སྤེལ་གྱི་གཞི་ཁྱོན་ཁ་གྲངས700-999བར་ལོངས་ན་སྒོར་ཁྲི35ལེན་ཐུབ། དེ་མིན་ལུག་གསོ་སྤེལ་བྱས་པའི་ཁ་གྲངས་དེ་ཆིག་སྟོང་གི་ཡན་ལ་བུད་པ་ན་ཁ་གསབ་རོགས་དངུལ་སྒོར་ཁྲི50བླངས་ཆོག

53.png

4. ཁྱིམ་བྱ་གསོ་སྤེལ་གྱི་ཁ་གསབ།

སྤྱིར་བཏང་དུ་ཁྱིམ་བྱའི་ཁ་གྲངས་ལྔ་སྟོང་ཡན་གསོ་སྤེལ་བྱས་ཡོད་པ་དང་ལོ་གཅིག་གི་ནང་ཁྲོམ་ར་ལ་ཕྱིར་འཚོང་བྱས་པའི་ཁ་གྲངས་ཁྲི10ཡི་ཡན་ཟིན་པའི་བྱ་གསོ་ཁང་ལ་རྒྱལ་ཁབ་ཀྱིས་ཁ་གསབ་རོགས་དངུལ་སྒོར་ཁྲི35མཁོ་སྤྲོད་བྱེད་ངེས། གལ་ཏེ་བཤས་བྱའི་ཁ་གྲངས་ལོ་གཅིག་གི་ནང་ཁྲི1000ཡན་ལ་འབུད་པའི་བྱ་གསོ་ཁང་གིས་ཁ་གསབ་རོགས་དངུལ་སྒོར་ཁྲི300-1000བར་བླངས་ཆོག

གལ་ཏེ་ཁ་གསབ་རོགས་དངུལ་འདི་དག་ལེན་འདོད་ཚེ་ཆ་རྐྱེན་གང་དག་འཛོམས་དགོས་སམ།

1. གསོ་སྤེལ་ར་བ་ཚད་ལྡན་ཅན་ཏུ་ཐོ་འགོད་བྱེད་དགོས།

རྒྱལ་ཁབ་ཀྱིས་གསོ་སྤེལ་ར་བར་བཅངས་པའི་རེ་འདུན་དང་བླང་བྱ་ཧ་ཅང་མཐོ་བས་ཁོར་སྲུང་གི་སྒྲིག་ཆས་ངེས་ཅན་ཞིག་དགོས། གསོ་སྤེལ་ར་བ་འདི་དག་གིས་གྲ་སྒྲིག་སྙན་ཞུ་སྤེལ་བ་བརྒྱུད། དེར་བསྟུན་གྱི་བླང་བྱ་དང་གཞི་ཁྱོན་ལ་སླེབས་པ་ན་ད་གཟོད་ཡིག་ཚགས་བཟོས་ཏེ་ཐོ་འགོད་བྱས་ཆོག

2. རིམས་འགོག་ཚད་ལྡན་དཔང་ཡིག་ཆ་ཚང་ཡིན་དགོས།

གསོ་སྤེལ་གྱི་བརྒྱུད་རིམ་ཁྲོད་ཧ་ཅང་གཙོ་བོ་ཞིག་ནི་རིམས་ནད་འགོག་སྲུང་བྱ་བ་ཡིན་ལ། དེའི་མི་ཚད་གསོ་སྤེལ་ར་བ་ལ་ཡང་འབྲེལ་ཡོད་ཀྱི་འཚེ་མེད་ལས་སྣོན་སྒྲིག་ཆས་ཆ་ཚང་དགོས། གལ་ཏེ་འབྲེལ་ཡོད་ཀྱི་འགྲོ་ལུགས་མཐའ་དག་ཚད་ལྡན་ཅན་ཏུ་སླེབས་པ་ན། ད་གཟོད་ཚད་ལྡན་དཔང་ཡིག་བྱིན་ཆོག

3. གསོ་སྤེལ་ཡིག་ཚགས།

གསོ་སྤེལ་གྱི་བརྒྱུད་རིམ་ཁྲོད་གསོ་སྤེལ་གྱི་རྒྱུ་སྤུས་དང་རིགས་དབྱེ། འབྱུང་ཁུངས། ཁྲོམ་ར་ལ་འཚོང་བ་སོགས་ཀྱི་ཡིག་ཆ་ལ་གསལ་བཤད་དགོས་ཤིང་། རང་ཉིད་ཀྱི་གསོ་སྤེལ་ར་བ་དེ་འབྲེལ་ཡོད་ཀྱི་གཞི་ཁྱོན་དེར་སླེབས་ཐུབ་པ་ལ་འགན་སྲུང་བྱེད་དགོས།

གལ་ཏེ་གོང་གསལ་གྱི་ཆ་རྐྱེན་རིགས་མི་འདྲ་བ་འདི3པོ་ཚང་བར་མ་ཟད། འགྲོ་ལུགས་མཐའ་དག་བསྒྲུབས་ཡོད་ཚེ། ཁ་གསབ་ལེན་ཐུབ་མིན་ལ་འདང་རྒྱག་མི་དགོས། བཤད་མ་དགོས་པ་ནི། འབྲེལ་ཡོད་ལས་ཁུངས་མང་བ་ཞིག་ལས་རྒྱུས་ལོན་བྱས་ནས། རང་གི་ཁེ་ཕན་ལ་ཁག་ཁུར་བྱེད་དགོས་སོ། །

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།