ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཞིང་པ་ལས་མི་མི་ཐེངས་ཁྲི700ལྷག་ཙམ་ལ་གསོ་སྦྱོང་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། མི་སྤྱི་པུས《ཞིང་པ་ལས་མིའི་ལས་ཞུགས་བརྟན་པོའི་ལས་རིགས་རྩལ་ནུས་གསོ་སྦྱོང་འཆར་གཞི》(གཤམ་དུ《འཆར་གཞི》ཞེས་བསྡུ་རྒྱུ)བཀྲམ་སྟེ། འདི་ལོ་དང་སང་ལོར་ལོ་ལྟར་ཞིང་པ་ལས་མི་མི་ཐེངས་ཁྲི་700ལྷག་ཙམ་ལ་གསོ་སྦྱོང་བྱ་རྒྱུ་གསལ་སྟོན་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་དུ་ཞིང་པ་ལས་མི་ཁྱོན་དུང་ཕྱུར་2.9ལྷག་ཙམ་ཡོད་པ་རེད། ཁྱོན་ཡོངས་ནས་བལྟས་ཚེ་ཞིང་པ་ལས་མིའི་ལས་ཞུགས་ལ་གྲངས་འབོར་མང་བ་དང་། བརྟན་པོའི་རང་བཞིན་ཞན་པ། འགན་ལེན་ཆུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། རིམས་ནད་ཀྱིས་རྐྱེན་པས་ཞིང་པ་ལས་མིའི་ལས་ཞུགས་ཀྱི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། 《འཆར་གཞི》བཀྲམ་པ་དེས་ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་མཐོར་གཏོང་ལ་སྐུལ་འདེད་ཐེབས་རྒྱུ་དང་། ཞིང་པ་ལས་མིའི་ལས་ཞུགས་ཀྱི་གྲུབ་ཆ་ལེགས་སུ་འགྲོ་རྒྱུ། ཞིང་པ་ལས་མི་བརྟན་པོའི་ངང་ལས་ཞུགས་ཐུབ་པ་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་འདེད་ཐེབས་རྒྱུ་བཅས་རེད།

《འཆར་གཞི》དེ་ལས་ཀ་ཡོད་པའི་ཞིང་པ་ལས་མི་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་རག་རྒྱུ་སྒུག་བསྡད་པ་དང་ལས་ཤོར་ཞིང་པ་ལས་མི། གྲོང་གསེབ་ཀྱི་གསར་དུ་གཞན་སྒྱུར་བྱས་པའི་ངལ་རྩོལ་ནུས་ཤུགས། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི། ངལ་རྩོལ་ནུས་ཤུགས་ཞན་པ་སོགས་ལ་ལག་བསྟར་བྱ་རྒྱུ་རེད། གསོ་སྦྱོང་བྱ་ཡུལ་གཙོ་བོ་ཁེ་ལས་ཡིན་ཞིང་། ཁེ་ལས་ཀྱིས་ལས་ཀ་ཡོད་པ་དང་ལས་ཀ་རག་རྒྱུ་སྒུག་བསྡད་པའི་ཞིང་པ་ལས་མི་སྒྲིག་འཛུགས་བྱས་ཏེ་གསོ་སྦྱོང་གི་ཚབ་ཏུ་ལས་ཀ་སྤྲད་རྒྱུར་རྒྱབ་སྐྱོར་བྱས་ཏེ་གསོ་སྦྱོང་ལ་བརྟེན་ནས་ལས་གནས་བརྟན་པོ་ཡོང་བར་བྱ་རྒྱུ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཐོན་སྐྱེད་གཉེར་སྐྱོང་གནས་སྐབས་རིང་མཚམས་འཇོག་བྱེད་དགོས་འཁེལ་བའི་ཁེ་ལས་འབྲིང་གྲས་དང་། ཕྲན་ཚེགས་ཁེ་ལས་ཀྱིས་ལས་ཀ་རག་རྒྱུ་སྒུག་བསྡད་པའི་ཞིང་པ་ལས་མི་སྒྲིག་འཛུགས་བྱས་ཏེ་གསོ་སྦྱོང་གི་ཚབ་ཏུ་ལས་ཀ་སྤྲད་ནས་གསོ་སྦྱོང་ལ་བརྟེན་ཏེ་ལས་གནས་བརྟན་པོ་ཡོང་བར་བྱེད་པའི་རིགས། སྒྲིག་འཛུགས་ལྟར་གསོ་སྦྱོང་གི་ཚབ་ཏུ་ལས་ཀ་སྤྲོད་ཡུལ་ལ་ཁེ་ལས་ཀྱི་ལས་རིགས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ཕྱི་ཕྱོགས་ཚོང་དོན་དང་། ཞག་སྡོད་ཁང་། བཟའ་བཏུང་། རིག་གནས། ཡུལ་སྐོར། འགྲིམ་འགྲུལ། སྐྱེལ་འདྲེན། སྡེབ་ཚོང་སིལ་ཚོང་སོགས་ལས་རིགས་ཀྱི་གསོ་སྦྱོང་གི་ཚབ་ཏུ་ལས་ཀ་སྤྲོད་པའི་ཁ་གསབ་རོགས་དངུལ་གྱི་ཁྱབ་ཁོངས་ཁེ་ལས་སྣ་ཚོགས་སུ་རྒྱ་སྐྱེད་གཏོང་ཆོག་གི་ཡོད། གོང་གསལ་གྱི་གསོ་སྦྱོང་གི་ཚབ་ཏུ་ལས་ཀ་སྤྲོད་པའི་ལས་རིགས་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་བདག་སྤྲོད་བྱེད་ཡུན་2020ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།