ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ནན་གྱིས་ཞིང་ཆེན་དང་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧེ་ནན་ཞིང་ཆེན་གྱི་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་གྱི་རེ་བ་དངོས་འབེབས་བཟང་བོ་བྱས་ཏེ། ཆུ་ཚད་མཐོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་མྱུར་དུ་འཛུགས་སྐྲུན་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་འགྲེམ་སྤེལ་བྱས།
ཇུས་གཞིའི་ནང་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ལག་བསྟར་ཁྱབ་ཁོངས་ནི་ཧེ་ནན་གླིང་ཕྲན་ཡོངས་ཡིན་པ་གཏན་འཁེལ་གསལ་བོ་བྱས་ཡོད།
ཇུས་གཞིའི་ནང་བསྟན་དོན། ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁས་ཉོ་ཚོང་རང་མོས་སྟབས་བདེ་ལག་བསྟར་བྱེད་དགོས། ཕན་ནུས་ལྡན་པའི་ལྟ་རྟོག་དོ་དམ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གླིང་ཕྲན་ཡོངས་འཁོར་སྐྱོད་བྱེད་པའི་སྒོ་ཁྲལ་ལས་ཁུངས་ཀྱི་ལྟ་རྟོག་དོ་དམ་དམིགས་བསལ་ཁུལ་ཁོངས་འཛུགས་སྐྲུན་བྱེད་དགོས། ཚོང་རྫས་ཉོ་ཚོང་ཐད་ནས་སྒོ་ཁྲལ་མེད་པར་བཏང་བ་གཞི་རྩའི་ཁྱད་ཆོས་ཡིན་པའི་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ལམ་ལུགས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཞབས་ཞུའི་ཉོ་ཚོང་ཐད་ནས་ཉོ་ཚོང་ཁྲོད་ཞུགས་པ་དང་ཉོ་ཚོང་བདག་གཉེར་བྱེད་པ་གཞི་རྩའི་ཁྱད་ཆོས་ཡིན་པའི་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་དགོས་ཟེར། །