ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས4ཉིན་གྱི་དགོང་མོར་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བ་རེད།

ཟླ6པའི་ཚེས4ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བ།

ལིས་ཁི་ཆང་གིས་གློ་བུར་དུ་བྱུང་བའི་རིམས་ནད་ཐད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་གཞི་རྩར་འཛིན་པ་དང་ཚེ་སྲོག་བླ་ན་མེད་པའི་ལྟ་བ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོའི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་བྱས་པ་བརྒྱུད། ཐེངས་འདིའི་རིམས་ནད་ལ་ཚོད་འཛིན་ནུས་ལྡན་བྱེད་ཐུབ་པ་བྱུང་ཡོད། མིག་སྔར་རིམས་ནད་ད་དུང་མཇུག་འགྲིལ་མེད་ལ། དེ་ནི་རྒྱལ་ཁབ་གཅིག་གིས་རང་མགོ་རང་ཐོན་བྱེད་ཐུབ་པ་ཞིག་མིན། དེ་སྔོན་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་འདུས་གྲུབ་བསྐྲུན་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་དང་བྱེད་ཐབས་བཏོན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་པའི་འཐབ་རྩོད་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་འཕེལ་རྒྱས་ཡོང་བར་གང་ནུས་སྒོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཚུལ་བསྟན།

ལིས་ཁི་ཆང་གིས་བསྟན་དོན། རིམས་ནད་ད་དུང་མཇུག་འགྲིལ་མེད་པ་དང་སྔར་བཞིན་ཛ་དྲག་གི་འགྲན་སློང་དུས་བབ་འོག རིམས་འགོག་སྨན་ཁབ་ནི་ནད་དུག་གི་གནོད་འཚེ་འགོག་པའི་ཕུབ་ནུས་གལ་ཆེན་ཞིག་ཡིན། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་གཅིག་གྱུར་འཆར་འགོད་ཐད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད། རིམས་འགོག་སྨན་ཁབ་དེ་ནད་ཐོག་སྨན་བཅོས་ཚོད་ལྟ་དང་ཞིབ་འཇུག་གསར་སྤེལ་བྱས་པའི་གྲུབ་འབྲས་རྣམས་གང་མགྱོགས་སྒོས་ཚོང་རའི་ཐོག་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། འཛམ་གླིང་ལ་བདེ་འཇགས་དང་། ནུས་ལྡན། སྤུས་ཚད་མཐོ་བ་བཅས་ཀྱི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱས་ཏེ། འགོག་སྨན་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྱབ་ཐུབ་རང་བཞིན་དང་འགན་ཁུར་ཐུབ་པའི་རང་བཞིན་ཐད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

 ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་མནའ་འབྲེལ་ལ་མ་དངུལ་གྲབས་གསོག་བྱ་རྒྱུ་དེ་རེད། རིམས་འགོག་སྨན་ཁབ་དང་ལྷག་པར་དུ་ཕྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བགོ་བཤའ་བཅས་བྱེད་པར་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས། ཐེངས་འདིའི་ཚོགས་འདུར་རྒྱལ་ཁབ30ལྷག་གི་འགོ་ཁྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་མང་པོ་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།