ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནར་མ་སོན་པའི་མི་དྲ་རྒྱའི་ཐད་གཏོང་ལ“བྱ་དགའ”སྟེར་བའི་ནང་ཞུགས་ན་ཁྲིམས་ཁང་གིས་ཕྱིར་སློག་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས19ཉིན།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《པྲོག་གསར་གློ་ཚད་རིམས་ནད་དང་འབྲེལ་བའི་དམངས་དོན་གྱོད་གཞི་ཁྲིམས་ལྟར་འོས་འཚམ་སྒོས་བདག་སྤྲོད་བྱེད་དགོས་པའི་གནད་དོན་འགའི་སྐོར་གྱི་མཛུབ་སྟོན་བསམ་འཆར(གཉིས་པ)》(གཤམ་དུ《མཛུབ་སྟོན་བསམ་འཆར(གཉིས་པ)》ཞེས་བསྡུས་ཡོད།)ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་དུ་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མིས་ལྟ་སྐྱོང་པའི་མོས་མཐུན་མ་བརྒྱུད་པར་དྲ་རྒྱའི་ཐད་གཏོང་སྟེགས་བུ་ལ“བྱ་དགའ”བྱིན་པ་དང་།ལྟ་སྐྱོང་པས་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་ལ་བྱ་དགའི་སྒོར་མོ་ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས་པ་གསལ་པོར་བཏོན་ཡོད།

《མཛུབ་སྟོན་བསམ་འཆར(གཉིས་པ)》གྱི་ནང་དུ་ད་རུང་གསལ་པོར་བསྟན་དོན།དམངས་དོན་བྱ་སྤྱོད་ལ་ཚོད་འཛིན་ཐེབས་པའི་མིས་ལྟ་སྐྱོང་པའི་མོས་མཐུན་མ་བརྒྱུད་པར།དྲ་རྒྱའི་ཐོག་གི་སྒོར་མོ་སྤྲོད་དགོས་པའི་རོལ་རྩེད་རྩེ་བ་དང་ཡང་ན་ཐད་གཏོང་སྟེགས་བུར“བྱ་དགའ”སྟེར་བ་སོགས་ཀྱི་སྒོ་ནས་རང་ཉིད་ཀྱི་ན་ཚོད་དང་རིག་སྟོབས་ལ་མི་འཚམ་པའི་འགྲོ་སྒོ་བཏང་བ་དང་།ལྟ་སྐྱོང་པས་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་མཁན་ལ་སྒོར་མོ་དེ་ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་ན།མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དེ་ལ་འགྲེལ་བཤད་བརྒྱབ་སྟེ་བཤད་རྒྱུར། གཏན་འཁེལ་འདི་ལ་ནང་དོན་གཉིས་ཡོད་དེ།གཅིག་ནི་སྤྱོད་ཡུལ་གྱི་ཕྱོགས་ཡིན།གཏན་འཁེལ་འདིའི་སྤྱོད་ཡུལ་གཙོ་བོ་ནི་ལོ18མ་ལོངས་པའི་ནར་མ་སོན་པའི་མི་ཡིན་མོད།འོན་ཀྱང་ལོ8ལ་མ་བུད་པའི་བྱིས་པ་རྣམས་ལ་མཚོན་ན།ཁོ་ཚོ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ཡིན་པས།ལོ8ལ་མ་བུད་པའི་བྱིས་པ་དྲ་རྒྱའི་ཐོག་གི་རོལ་རྩེད་ལ་ཞུགས་པའི་འགྲོ་སྒོ་ཡོངས་རྫོགས་ཕྱིར་སློག་བྱས་ན་འགྲིག དེ་ནི་ཁྲིམས་ལྟར་ཐོབ་པའི་སྡོམ་ཚིག་ཅིག་ཡིན་པས།མཛུབ་སྟོན་བསམ་འཆར་སྟེང་དུ་དེའི་ཐད་ཀྱི་ཆེད་དམིགས་གཏན་འཁེལ་མེད།

གཉིས་ནི་འགྲོ་སྒོ་བཏང་བའི་སྒོར་མོའི་གྲངས་འབོར་གྱི་ཕྱོགས་ཡིན།གཏན་འཁེལ་འདིས་མཐའ་གཅིག་ཏུ་གཏན་འཁེལ་བྱས་པའི་བྱེད་ཐབས་སྤྱད་མེད་པར།ཕྱིར་སློག་བྱེད་དགོས་པའི་སྒོར་མོ་དེ་ནི་ནར་མ་སོན་པའི་མིའི་ལོ་ཚོད་དང་རིག་སྟོབས་ལ་མི་འཚམ་པའི་ཆ་ཤས་དེར་བསྟན་ཡོད།འདིའི་ཕྱོགས་ནས་ཁྲིམས་རྩོད་པས་བྱེ་བྲག་གི་གྱོད་དོན་ཁྲོད་བྱིས་པ་དེ་ཞུགས་པའི་རོལ་རྩེད་ཀྱི་རྣམ་པ་དང་བྱིས་པ་ནར་སོན་པའི་ཁོར་ཡུག ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་སོགས་གཞིར་བཟུང་ནས་ཕྱོགས་བསྡུས་རྒྱུ་རྐྱེན་ལྟར་བརྡར་ཤ་བཅད་ཆོག་པ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་པུའུ་རིམ་པ་གཞོན་པའི་ཆེད་བསྐོས་ཨུ་ཡོན་ནམ་རིམ་པ་གཉིས་པའི་ཁྲིམས་དཔོན་ཆེན་མོ་ལིའུ་ཀུའེ་ཞང་གིས་མཚམས་སྦྱོར་བྱེད་རྒྱུར། རང་རྒྱལ་གྱི་དམངས་ཁྲིམས་སྤྱི་སྲོལ་གཏན་འཁེལ་ལྟར་ན། ལོ8མན་གྱི་བྱིས་པ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ཡིན་པས། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མིས་བསྒྲུབས་པའི་དམངས་དོན་བྱ་སྤྱོད་ནི་ཡོངས་རྫོགས་ནུས་མེད་ཡིན་ལ།ལོ8ཡན་གྱི་བྱིས་པ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས། བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་གལ་ཏེ་ཁོའི་རིག་སྟོབས་དང་མི་འཚམ་པའི་དམངས་དོན་བྱ་སྤྱོད་བསྒྲུབས་ན། ལྟ་སྐྱོང་པས་ངོས་འཛིན་བྱེད་དགོས་པའི་རེ་བ་མ་བཏོན་ནའང་ནུས་མེད་ཡིན་པར་ངོས་འཛིན་དགོས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།