ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས3ཉིན། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་དེ་ཁྱིམ་ཚང་སྟོང་ཕྲག་མང་པོའི་བདེ་སྐྱིད་ལ་འབྲེལ་བ་ཡོད་པ་དང་། རྒྱུ་ནོར་གསར་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབྲེལ་བ་ཡོད། ད་ལོར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་དེ་ཛ་དྲག་ཆེ་བའི་གནས་བབ་དང་འཕྲད་ཡོད་པས་ལས་འགན་ལྗིད་ཅིང་དཀའ་ཚེགས་ཆེ་བ་ཞིག་ཡིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་རིམ་པ་བཞིན་འགན་འཁྲི་དང་ལེན་བྱེད་པ་དང་། ཏན་ཏན་ཏིག་ཏིག་དང་ཞིབ་ཕྲ་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས། ཁེ་ལས་བརྟན་འཇགས་དང་ལས་གནས་བརྟན་འཇགས་ཀྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། སྔར་ལས་མང་པོའི་ཚོང་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དགོས། རྒྱུན་མཐུད་སྒོས་དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཀུན་གྱིས་གསར་གཏོད་དང་དམངས་ཀྱིས་བྱ་གཞག་སྐྲུན་པའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཐོན་ལས་གསར་བ་དང་ལས་རྣམ་གསར་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། མཐར་ཕྱིན་སློབ་མའི་ལས་སྤེལ་དང་སྟབས་བསྟུན་ལས་ཞུགས་ཐད་ལ་སྟེགས་བུ་རྒྱ་ཆེན་པོ་ཞིག་གསར་སྐྲུན་བྱེད་དགོས། ཏན་ཏན་ཏིག་ཏིག་སྒོས་ལས་རིགས་གསོ་སྦྱོང་དང་ལས་ཞུགས་ལྟ་སྦྱོང་ལེགས་པོར་བསྒྲུབ་པ་དང་། རིམས་ནད་ཚབས་ཆེ་བའི་ས་ཁུལ་དང་ལས་ཞུགས་བྱེད་པར་དཀའ་ཁག་ཆེ་བའི་མཐར་ཕྱིན་སློབ་མར་དམིགས་བསལ་སྒོས་རོགས་སྐྱོར་བྱེད་པར་ཤུགས་བསྣན་ནས། གནས་སྐབས་སུ་ལས་ཀར་མ་ཞུགས་པའི་མཐར་ཕྱིན་སློབ་མར་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་བབ་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གཉིས་ཀ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།