ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧེ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས30ཉིན་ནས་ཚེས31ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧེ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་ཧེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་དངོས་འབེབ་བྱེད་པ་དང་། དངོས་གཉེར་དམ་འཛིན་དང་གཏན་འཇགས་ཡར་སྐུལ་བྱས་ནས། ཧེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་གྱི་ཐོག་མའི་རྣམ་པ་བཟང་བོ་གསར་བསྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཧན་ཀྲིན་ཐོག་མར་ཧེ་ཁུག་མཱེ་ལན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་སྐབས་གཉིས་པའི་རྒྱ་བསྐྱེད་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་ཕེབས་ཏེ། འཆར་འགོད་འཛུགས་སྐྲུན་དང་ལས་གཉེར་གྱི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་མཛད། ཧན་ཀྲིན་གྱིས་བསྟན་དོན། འགྲིམ་འགྲུལ་སོགས་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཕན་ནུས་ལྡན་པའི་དངུལ་གཏོང་རྒྱ་བསྐྱེད་ཅི་ཐུབ་བྱས་ནས། འགྲིམ་འགྲུལ་དར་བའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ཏེ། རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཐད་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་གསུངས། 

འཛུགས་སྐྲུན་བྱེད་བཞིན་པའི་གྲུ་ཁ་གསར་བ་ནི་ཧེ་ནན་ཞིང་ཆེན་གྱི་སྐམ་ས་དང་གླིང་ཕྲན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྟེ་གནས་ཡིན་ཞིང་། ལྕགས་ལམ་དང་གྲུ་གཟིངས། འགྲུལ་སྐྱེལ་རླངས་འཁོར། དངོས་སྐྱེལ་བཅས་ཀྱི་སྐྱེལ་འདྲེན་བྱེད་ནུས་ཁུར་དུ་བླངས་ཡོད། ཧན་ཀྲིན་གནས་དེར་ཕེབས་ནས་ཧེ་ནན་ཞིང་ཆེན་གྱི་གྲུ་ཁའི་འཆར་འགོད་གནས་ཚུལ་དང་འཛུགས་སྐྲུན་མྱུར་ཚད་ལ་ཞིབ་ཏུ་རྒྱུས་ལོན་མཛད། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གྲུ་ཁ་གསར་བའི་སྐམ་ས་དང་གླིང་ཕྲན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྟེ་བའི་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ། གྲུ་ཁས་གྲོང་ཁྱེར་དར་རྒྱས་སུ་གཏོང་བ་དང་གྲོང་ཁྱེར་གྱིས་གྲུ་ཁར་སྐུལ་འདེད་བཏང་ནས། གྲུ་ཁ་དང་གྲོང་ཁྱེར་གྱི་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་གསུངས། 

ཧེ་ནན་གྱི་སྐྱེ་ཁམས་མཉེན་ཆས་ར་བ་ནས་ཧན་ཀྲིན་གྱིས་ར་བའི་སྤྱིའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཀྲུང་གོའི་གློག་རྡུལ་མཉམ་འབྲེལ་གསར་གཏོད་ཞིབ་འཇུག་ཁང་དུ་ཕེབས་ནས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་ལ་གཟིགས་པ་དང་། ཚན་རྩལ་ཞིབ་འཇུག་མི་སྣའི་བར་བརྗེ་རེས་མཛད། ཉིག་ཅིན་ཁོངས་ཁུལ་མུ་འབྲེལ་ཞིབ་འཇུག་ཁང་ནས་ཧེ་ནན་ཞིང་ཆེན་གྱི་སྤྱི་ཚོགས་དོ་དམ་བརྡ་འཕྲིན་ཅན་གྱི་སྟེགས་བུ་དང་ཁོངས་ཁུལ་མུ་འབྲེལ་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་མཛད། ཧན་ཀྲིན་གྱིས་བསྟན་དོན། རིག་ནུས་ཀྱི་ཧེ་ནན་འཛུགས་སྐྲུན་བྱེད་པར་དམིགས་ཏེ་རང་བདག་གསར་གཏོད་ནུས་པ་མཐོར་འདེགས་བྱེད་པ་དང་། གནད་འགག་ལག་རྩལ་གཙོ་བོའི་འགག་སྒྲོལ་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་རང་བདག་གིས་འཕྲུལ་སྙིང་ཞིབ་འཇུག་གསར་སྤེལ་བྱེད་པ་དང་ལག་ལེན་མ་ལག་གི་བེད་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་ནས་དྲ་རྒྱའི་བརྡ་འཕྲིན་བདེ་འཇགས་དང་དཔལ་འབྱོར་གྱི་འཁོར་སྐྱོད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། 

ཧན་ཀྲིན་ད་རུང་ཧེ་ཁུག་ཉི་ཟླའི་ཐང་ཆེན་གྱི་དཔྱ་ཁྲལ་མེད་པར་གཏོང་བའི་ཚོང་ཁང་དུ་ཕེབས་ཏེ། ཧེ་ནན་གྱི་གླིང་ཕྲན་དང་འབྲལ་ཁར་དཔྱ་ཁྲལ་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་དང་ཚོང་རའི་ཕྱིར་འཚོང་གནས་ཚུལ་ལ་རྒྱུས་ལོན་མཛད། ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། བྱེད་ཐབས་མང་བོས་འཛད་སྤྱོད་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཐབས་ལམ་རྒྱ་བསྐྱེད་དེ་འཛད་སྤྱོད་སླར་གསོ་བྱེད་པར་ཡར་སྐུལ་གཏོང་དགོས། དཔྱ་ཁྲལ་མེད་པར་གཏོང་བའི་དངོས་པོའི་ཁ་གྲངས་ཇེ་མང་དུ་བཏང་བའི་རྨང་གཞིའི་སྟེང་། འབྲེལ་ཡོད་སྲིད་ཇུས་དང་ཚོང་ར་གཙོ་བོའི་ཞུགས་ཚད་ཚད་གཞི་འཐུས་ཚང་དུ་བཏང་ནས་ཤུགས་ཆེན་པོས་ཧེ་ནན་རྒྱལ་སྤྱིའི་གནས་སྐོར་འཛད་སྤྱོད་ལྟེ་གནས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཧི་ལི་ཧྥུན་གོང་གི་རྟོག་ཞིབ་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།